རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཏང་གིས་གང་བཤད་ཁས་ལེན་མཁན་ཞིག་མིན།

མགོ་ལོག་ཁུལ་གྱི་ཁུལ་དཔོན་ཟུར་པ་སྐུ་གཤེགས་དར་རྒྱས་ཀྱིས་བརྩམས་པའི། <<བོད་ཁུལ་བརྟན་ལྷིང་མེད་པའི་འབྱུང་རྩ་>>ཞེས་པའི་དཔེ་དེབ་དེ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུ་འབྱེད་གནང་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་དགོང་དྲོའི་ཆུ་ཚོད་༣ པའི་སྟེང་། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་མགོ་
ལོག་ཁུལ་གྱི་ཁུལ་དཔོན་ཟུར་པ་སྐུ་གཤེགས་དར་རྒྱས་ཀྱིས་བརྩམས་ཤིང་། དྷ་སར་ཡོད་པའི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་པར་སྐྲུན་དང་འགྲེམ་སྤེལ་བྱས་པའི་<<བོད་ཁུལ་བརྟན་ལྷིང་མེད་པའི་འབྱུང་རྩ་>>ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། དེར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུས། སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས། དེ་བཞིན་ལོ་རྒྱུས་ཉམས་ཞིབ་པ་མགོ་ལོག་དམ་ཆོས་དཔལ་བཟང་དང་། ལོ་རྒྱུས་ལ་དོ་སྣང་ཡོད་མཁན་དང་གསར་འགོད་པ་སོགས་མཉམ་ཞུགས་བྱས་འདུག
མཛད་སྒོའི་ཐོག་མར་ཐེངས་འདིའི་སྐུ་མགྲོན་གཙོ་བོས་བོད་ཁུལ་བརྟན་ལྷིང་མེད་པའི་འབྱུང་རྩ་ཞེས་པའི་དཔེ་དེབ་དབུ་འབྱེད་གྲུབ་མཚམས། 2014_12_25ཁུལ་དཔོན་ཟུར་པ་སྐུ་གཤེགས་དར་རྒྱས་ཀྱི་བཟའ་ཟླའི་མིང་པོ་མགོ་ལོག་དམ་ཆོས་དཔལ་བཟང་གིས། མགོ་ལོག་ཁུལ་གྱི་ཁུལ་དཔོན་ཟུར་པ་སྐུ་གཤེགས་དར་རྒྱས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་གནང་སྐབས། སྐུ་གཤེགས་ཁོང་གིས་གུང་ཁྲན་ཏང་གི་ནང་ལས་ཀ་བྱེད་སྐབས། གུང་ཁྲན་ཏང་གིས་གང་བཤད་ཚང་མ་ཁས་ལེན་མཁན་ཞིག་མིན་ལ། ཁུལ་དཔོན་སྐབས་གཞན་གྱི་ལྐོག་རྔན་ལེན་པ་དང་མི་མང་གི་ནག་ཉེས་གང་བྱུང་ཐེར་འདོན་བྱེད་མཁན་ཞིག་དེ་བས་མིན་པ་མ་ཟད། ཁོང་གིས་༧པཎ་ཆེན་རིན་པོ་ཆེ་སྐུ་གྲོངས་པའི་མྱ་ངན་ཚོགས་འདུ་རྒྱལ་ཡོངས་ནང་ཐོག་དང་པོ་མགོ་ལོག་ཁུལ་ནས་འཚོགས་ཏེ། ༧པཎ་ཆེན་རིན་པོ་ཆེའི་སྐུ་པར་མདུན་དུ་མཆོད་མེ་ཕུལ་བར་བརྟེན། ཕྱིས་སུ་ཁོང་ཞིང་ཆེན་ནང་སོང་སྟེ་དགོངས་དག་ཞུ་དགོས་ཁེལ་ཡོད་སྐོར་དང་། དེ་བཞིན་ས་བྱི་ཞི་རྒོལ་བྱུང་རྗེས་དེ་དང་འབྲེལ་བའི་བོད་ཁུལ་ལ་ཚོགས་འདུ་བསྡུས་ཏེ། ཕྱི་ལོ་༢༠༠༩ ལོར་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་ཐོག་དང་ཟུར་པ་ཁག་ཅིག་གིས་ཆེད་དུ་ལྷ་ས་དང་དར་མདོ། རྔ་པ། ཀན་ལྷོ་བཅས་སུ་ཟླ་གཅིག་ལྷག་རིང་སྐོར་བསྐྱོད་ཀྱིས། ས་བྱི་ཞི་རྒོལ་དེ་ཏཱ་ལའི་བླ་མ་དང་བཙན་བྱོལ་གཞུང་གིས་བཟོས་པ་ཞིག་ཡིན་མིན་ལྟ་རྒྱུ་ཡིན་ཞེས་ཁོང་ཚོ་གཅིག་ནས་རྒྱལ་ཁབ་ལ་ཤ་ཚ་དང་། གཉིས་ནས་མི་རིགས་ལ་ཤ་ཚ་བའི་སྒོ་ནས་ཉམས་ཞིབ་བྱེད་དུ་སོང་བ་མ་ཟད། ཉམས་ཞིབ་བྱས་རྗེས་སྐབས་དེའི་སྲིད་འཛིན་ཞི་ཅིན་ཕིང་ལ་ས་བྱི་ཞི་རྒོལ་དེ། རྒྱ་གཞུང་གི་མགོ་ཁྲིད་དང་མི་མང་བར་གྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཀྱི་འཐབ་རྩོད་ཅིག་ཡིན་པ་ལས། ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གིས་བཟོས་པ་ཞིག་རྩ་བ་ནས་མ་རེད་ཅེས་ཞིབ་འཇུག་སྙན་ཞུ་ཞིག་སྤྲད་ཡོད་ཀྱང་། ཞི་ཅིན་ཕིང་གི་ལག་ཏུ་འཕྲོད་ཡོད་མེད་གསལ་ཁ་མ་བྱུང་གོང་ཁོང་སྐུ་གྲོངས་ཡོད་སྐོར་གསུངས་སོང་།
མཐར་ཁོང་གིས་ཁོང་ལྟ་བུའི་རྒྱ་ནག་གི་དཔོན་པོ་བོད་རིགས་ལར་ཞེན་ཅན་ཚོ་རིམ་པར་སྐུ་གྲོངས་བའི་རྒྱུ་རྐྱེན་ལ་དོགས་པ་ཆེན་པོ་ཡོད་སྐོར་དང་། ལོ་རྒྱུས་དེ་དག་ནག་བསུབ་ཏུ་མི་འགྲོ་ཆེད་བོད་མི་ཚང་མས་དོ་སྣང་གནང་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།
2014_12_25_2དེ་ནས་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཀྱིས། དཔེ་དེབ་པར་སྐྲུན་དང་ནང་དོན་གྱི་ཐད་ནས་གསུང་བཤད་གནང་དོན། དེབ་འདིའི་ནང་གི་དོན་སྙིང་གཙོ་བོ་ག་རེ་ངོས་འཛིན་བྱེད་ཀྱི་ཡོད་ཟེར་ན། བོད་ནང་དུ་གནད་དོན་ཡོད་པ་དང་། གནད་དོན་ཡོད་པ་ཙམ་དུ་མ་ཟད་གནད་དོན་ཚབས་ཆེན་དེ་དག་འཕྲལ་དུ་ཐག་གཅོད་དགོས་པ། དེ་དག་གི་རྩ་བ་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་ཐུག་ཡོད་སྟབས། སྲིད་བྱུས་ལེགས་བཅོས་ཀྱིས་མཚོན་དེའི་ཐད་བསམ་ཚུལ་ལྔ་བཏོན་འདུག དེ་གནད་འགག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། རྒྱ་གཞུང་གི་བརྒྱུད་ལམ་ཁག་དང་དཔོན་རིགས་ཚོས་བོད་ནང་གནད་དོན་མེད་པ་དང་། ཏོག་ཙམ་ཡོད་པ་དེ་ཏཱ་ལའི་བླ་མ་དང་ཁ་བྲལ་བ་ཉུང་ཤས་ཤིག་གི་གནད་དོན་རེད། བོད་ཁུལ་ཞི་བདེ་ལྷིང་འཇགས་ངང་ནས་འཕེལ་རྒྱས་ཞེ་དྲག་འགྲོ་བཞིན་ཡོད་ཟེར་གྱི་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གཞུང་གིས་གསོ་སྐྱོང་བྱས་པའི་དམར་ཤོག་ཚོགས་མི་མཐོ་གྲས་ཤིག་གིས་སྲིད་འཛིན་ལ་སྙན་ཞུ་སྤྲད་དེ། བོད་ནང་གི་གནད་དོན་དེ་དག་མྱུར་ཏུ་སེལ་དགོས་པ་དང་། དེའི་རྩ་བ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཐུག་ཡོད་པའི་གནས་ཚུལ་ཁུངས་ལྡན་ཞིབ་ཚགས་བྲིས་ཡོད་སྟབས། ནང་དོན་གྱི་ཆ་ནས་དོན་སྙིང་གཙོ་བོ་དེ་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག
དོན་སྙིང་གཉིས་པ་དེ། དེབ་དེའི་ནང་དུ་༧རྒྱལ་བ་རིན་པོ་ཆེའི་སྐོར་མང་པོ་ཞིག་ཡོད་པ་རེད། སྤྱིར་བཏང་བོད་པ་ཞིག་གི་ངོས་ནས་༧རྒྱལ་བ་རིན་པོ་ཆེ་ལ་དད་མོས་དང་དགའ་ཞེན། དེ་བཞིན་ཁོང་གི་མཛད་རྗེས་སྐོར་ལ་རྩོམ་བྲིས་པ་དེ་དམིགས་བསལ་གང་ཡང་ཆགས་ཀྱི་མེད་ན་ཡང་། རྒྱ་གཞུང་གིས་གསོ་སྐྱོང་བྱས་ཤིང་དམར་ཤོག་གི་ཚོགས་མི་ཡིན་པའི་མཐོ་རིམ་དཔོན་རིགས་ཤིག་གིས། ༧རྒྱལ་བ་རིན་པོ་ཆེར་ངོས་འཛིན་དང་དད་མོས་ག་འདྲ་ཡོད་མེད་བྲིས་པ་དེ། ཕྱོགས་གཅིག་ནས་དམིགས་བསལ་ཞིག་ཆགས་ཀྱི་ཡོད་པ་རེད། དོན་སྙིང་གསུམ་པ་དེ་༧རྒྱལ་བ་རིན་པོ་ཆེས་འཛམ་གླིང་གི་ཞི་བདེ་དང་སངས་རྒྱས་ཀྱི་བསྟན་པ། དེ་བཞིན་བོད་མི་རིགས་ཀྱི་ཆེད་དུ་མཛད་རྗེས་རླབས་ཆེན་འཇོག་བཞིན་ཡོད་པ་ནན་བརྗོད་ཀྱིས། ༧རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་ཐུབ་རྒྱུ་དེ་བོད་མི་ཡོངས་ཀྱི་རྩ་བའི་རེ་འདུན་ཉག་ཅིག་ཡིན་པ་བྲིས་ཡོད་སྐོར་སོིགས་གསུངས་སོང་།
དེ་བཞིན་ཁོང་གིས་དེབ་དེའི་ནང་དུ་ཡོན་རྒྱལ་རབས་ཀྱི་སྐབས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ༧གོང་ས་མཆོག་གིས་བོད་དང་ཐའེ་ཝན་གཉིས་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་གནང་ཡོད་སྐོར་གྱིས་མཚོན་པའི། གནས་ཚུལ་ཁ་ཤས་རྒྱ་གཞུང་གི་ལྟ་བ་ལངས་ཕྱོགས་གཞིར་བཞག་སྟེ་བྲིས་ཡོད་ཀྱང་དེ་ལོ་རྒྱུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད་པ། དཔེར་ན་པཎ་ཆེན་རིན་པོ་ཆེ་དང་འབའ་བ་ཕུན་ཚོགས་དབང་རྒྱལ། སྡེ་རོང་ཚེ་རིང་དོན་གྲུབ། རྡོ་རྗེ་ཚེ་བརྟན་སོགས་ཀྱི་སྐད་ཆར་བལྟས་ན་ཤེས་ཐུབ་ཀྱི་ཡོད་སྐོར་གསུངས་སོང་།
2014_12_25_1མཐར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་སྐབས། བོད་མདོ་དབུས་ཁམས་གསུམ་གྱི་ནང་ཁུལ་དཔོན་ཟུར་པ་དར་རྒྱས་དང་འདྲ་བའི་གནས་སྟངས་མང་པོ་བྱུང་ཡོད་ན་ཡང་། གནས་ཚུལ་དེ་དག་ཕྱི་ལོགས་སུ་ཐོན་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་འོག་ནས་ང་ཚོས་བཤད་ཐུབ་པ་དང་མི་ཐུབ་པའི་གནས་སྟངས་མང་པོ་ཞིག་བྱུང་བཞིན་ཡོད་སྟབས། དེ་རིང་འདིར་དཔེ་མཚོན་ཙམ་ཞིག་བྱུང་བ་དེ་ལོ་རྒྱུས་ཀྱི་ཐོག་ནས་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་སྐོར་དང་། དེ་བཞིན་མ་འོངས་པར་འབྲེལ་ཡོད་ཚང་མས་དོ་སྣང་བྱས་ཏེ་གནད་དོན་དེའི་རིགས་དེ། རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་དང་ཡོངས་ཁྱབ་རང་བཞིན་ཅན་ཞིག་བཟོ་རྒྱུར་འབད་བརྩོན་བྱ་དགོས་པ་དེ། ལོ་རྒྱུས་ཀྱི་གནད་དོན་ཆེན་པོ་ཞིག་ཆགས་ཡོད་སྐོར་སོགས་གསུངས་སོང་།
ཁུལ་དཔོན་ཟུར་པ་དར་རྒྱས་ནི་ཕྱི་ལོ་༡༩༤༡ ལོར་མདོ་སྨད་ཙོང་ཁ་བ་ཡན་གཞོངས་བཤམས་སྡེ་བར་སྐྱེས་ཤིང་། རང་ལོ་༡༥ ཐོག་བྱ་བར་ཞུགས་ཏེ་མགོ་ལོག་ཁུལ་དུ་ལས་བགོས་བྱས་པ་དང་། ཕྱི་ལོ་༡༩༥༨ ཟླ་༡༠ ཚེས་༡ ཉིན་རྒྱ་གཞུང་གིས་ཁྱོ་ག་བཙོན་དུ་བཅུག་པའི་མགོ་ལོག་ཁང་གསར་ཚང་གི་བུ་མོ་ངག་ལྷ་ཟེར་བ་དང་བཙན་དབང་གིས་གཉེན་སྒྲིག་བྱེད་དུ་བཅུག ཕྱི་ལོ་༡༩༥༩ ལོ་ནས་བཟུང་དར་རྒྱས་གཅིག་སྒྲིལ་རྫོང་། ཁང་གསར་མཉམ་ལས་ཁང་རུ་ཆེན་བཞི་པའི་རུ་གཙོ་དང་སྨིན་ཐང་ཡུལ་ཚོའི་ཡུལ་དཔོན་སོགས་སུ་བསྐོས་པ་དང་། དེ་ནས་རིམ་བཞིན་གོ་གནས་འཕར་ཏེ་མགོ་ལོག་ཁུལ་གྱི་ཁུལ་དཔོན་དང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པ་དང་དགུ་པའི་འཐུས་མི། དེ་བཞིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་ཞིང་ཕྱུགས་དང་ཁོར་ཡུག་སྲུང་སྐྱོབ་ཁང་གི་འགོ་གཙོ་བཅས་ཀྱི་འགན་ཁུར་མྱོང་ཡོད་ཅིང་། ཕྱི་ལོ་༢༠༡༣ ཟླ་༢ ཚེས་༩ ཉིན་ཟི་ལིང་གི་སྨན་ཁང་ཞིག་ནས་འདས་གྲོངས་སུ་སོང་ཡོད་པ་རེད། གསར་འགོད་པ་བློ་བཟང་མཁྱེན་བརྩེ། བང་ཆེན་དྲ་བ་ནས།།