ཐེངས་འདིར་སྲིད་སྐྱོང་མཆོག་གིས་ཨ་རིར་གནས་སྡོད་བོད་མི་གཞོན་སྐྱེས་ཚོར་གསུང་བཤད་གནང་སྐབས། སོ་སོའི་མདུན་ལམ་ཁོ་ནའི་ཆེད་མིན་པར་བོད་ཀྱི་རྩ་དོན་ཆེད་སློབ་སྦྱོང་བྱེད་དགོས་སྐོར་དང་། དེ་བཞིན་ཨ་རིའི་གཞུང་གི་ལས་ཁུངས་ཁག་གི་ནང་ལས་ཀ་བྱེད་དགོས་སྐོར་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། ཨ་རིའི་ཆི་ཁ་གྷོའི་བོད་རིགས་རྣམས་ལ་གསུང་བཤད་གནང་སྐབས། བོད་མི་རྣམས་ཚོས་སོ་སོའི་མདུན་ལམ་ཁོ་ནའི་ཆེད་མིན་པར་བོད་ཀྱི་རྩ་དོན་ཆེད་སློབ་སྦྱོང་བྱེད་དགོས་པ་དང་། མི་རབས་གཞོན་པ་ཚོས་སོ་སོའི་དོ་དབྱིངས་ཡོད་པའི་ལས་དོན་ཐོག་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། གལ་ཏེ་རྒྱལ་སྤྱིའི་གནད་དོན་ལ་དོ་དབྱིངས་ཡོད་ཚེ་ཨ་རིའི་ཕོ་བྲང་དཀར་པོ་དང་ཕྱི་སྲིད་ལས་ཁུངས། གྲོས་ཚོགས་གོང་མ་དང་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ལས་ཀ་བྱེད་དགོས། རྒྱལ་སྤྱིའི་ཡར་རྒྱས་ཐེབས་རྩ་ཁག་གི་ལས་དོན་ལ་དོ་དབྱིངས་ཡོད་ན་ཨ་རིའི་རོགས་རམ་ཐེབས་རྩ་ཁང་USAID ནང་ལས་ཀ་བྱས་པའམ་ཡང་ན། གཏོང་ཕོད་ཅན་གྱི་ཐེབས་རྩ་ཁང་དཔེར་ན། གེ་ཊི་ Gates དང་ཕོ་ཌི་ཐེབས་རྩ་ཁང་Ford Foundation ལྟ་བུའི་ནང་ལས་ཀ་བྱས་ནས་གཞིས་བྱེས་བོད་མི་རྣམས་ལ་ཞབས་འདེགས་བསྒྲུབ་ཐུབ་དགོས།
ཚོང་གི་སྒྲིག་འཛུགས་ནང་ལས་ཀ་བྱེད་མཁན་ཞིག་ཡིན་ནའང་བོད་ཀྱི་རྩ་དོན་ལ་ཞབས་ཞུ་བསྒྲུབ་ཐུབ། དཔེར་ན། རྒྱ་གར་ནང་མེས་པོ་དམ་པ་གྷན་དྷི་ཇི་མཆོག་གིས་དབུ་ཁྲིད་པའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སྐབས། བཟོ་ཚོང་ཁག་ནང་ལས་ཀ་བྱེད་མཁན་རྒྱ་གར་བ་མི་སྒེར་པ་ཚོས་འཐབ་རྩོད་ཆེད་ཞལ་འདེབས་ཧ་ཅང་ཕུལ་ཡོད། དེ་གྲས་གཅིག་ནི་དེང་སྐབས་རྒྱ་གར་གྱི་ཚོང་པ་སྙན་གྲགས་ཅན་སྦིར་ལ་(Birla) ནང་མི་ཚོ་ཡིན་འདུག དེར་བརྟེན་བོད་མི་ཚོས་ལས་དོན་གང་འདྲ་ཞིག་གཉེར་ཡང་བོད་ཀྱི་རྩ་དོན་ལ་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་དུས་རྟག་ཏུ་ཡོད་ཅེས་གསུངས་ཡོད་པ་རེད་འདུག
དེ་བཞིན་ཁོང་གིས་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭའི་ University of Wisconsin ནང་། བོད་དོན་སེལ་རྒྱུའི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། བོད་རྒྱ་གཉིས་དབར་བྱུང་རབས་ལོ་རྒྱུས་ཐོག་ནས་འབྲེལ་བ་ཡོད་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱ་མི་རིགས་གཉིས་སྨན་གྱི་ཐབས་ལམ་ཞིག་ཡིན་སྐོར། དེ་བཞིན་བོད་ཀྱི་ཁོར་ཡུག་འདི་འཛམ་གླིང་ནང་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ལྷག་པར་ཨེ་ཤི་ཡའི་ས་ཁུལ་ཁག་ནང་རྒྱལ་ཁབ་མང་པོ་ཞིག་བོད་ཀྱི་རྒྱུག་ཆུ་ཁག་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་ཡོད་སྐོར་གསུངས་ཡོད་པ་རེད། གསར་འགོད་པ་བློ་བཟང་མཁྱེན་བརྩེ། བང་ཆེན་དྲ་བ་ནས།།
