དེ་རིང་ཞོགས་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས། བོད་རིགས་སྒྱུ་རྩལ་བ་རྟ་མགྲིན་གྱི་འོད་སྡེར་གཉིས་པ་ཡངས་པའི་ལམ་ཞེས་པ་དབུ་འབྱེད་དང་འབྲེལ། ཁོང་གི་སྒྱུ་རྩལ་ལས་རིགས་ཐད་བསྔགས་བརྗོད་གནང་སོང་།
ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་། མེག་གྷན་བོད་ཀྱི་
གསོལ་མགྲོན་ཁང་དུ་བོད་རིགས་སྒྱུ་རྩལ་བ་རྟ་མགྲིན་གྱི་འོད་སྡེར་གཉིས་པ་ཡངས་པའི་ལམ་ཞེས་པ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་། དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཆབ་སྲིད་བཙོན་ཟུར་གྲགས་ཅན་གྲྭ་འཇིགས་མེད། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་དང་གསར་འགོད་པ་སོགས་མཉམ་ཞུགས་བྱས་འདུག
མཛད་སྒོའི་ཐོག་མར་རྨེའུ་དཀོན་རྒྱམ་གྱིས་སྒྱུ་རྩལ་བ་རྟ་མགྲིན་ངོ་སྤྲོད་དང་འབྲེལ་ནས་གསུང་བཤད་གནང་སྐབས། རྟ་མགྲིན་གྱིས་བཙན་བྱོལ་གྱི་འཚོ་བའི་ཁྲོད་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་གྱིས། ད་ལྟའི་ཆར་སྒྱུ་རྩལ་ལས་རིགས་དང་འབྲེལ་བའི་ཐོག་ནུས་པ་གང་འཚམས་འདོན་ཐུབ་ཀྱི་ཡོད་སྐོར་དང་། རྩ་བས་བཙན་བྱོལ་སྤྱི་ཚོགས་ནང་སྒྱུ་རྩལ་ལས་རིགས་ལ་གདེང་འཇོག་བྱེད་མཁན་དཀོན་པོ་ཆགས་ཡོད་ན་ཡང་། ཁོང་གིས་བཙན་བྱོལ་སྤྱི་ཚོགས་ནང་གཞོན་སྐྱེས་ཚོར་སོ་སོའི་རིག་གཞུང་ངོ་སྤྲོད་དང་། དོན་དོན་དྲིལ་བསྒྲགས་སོགས་ཀྱི་ཐོག་གྲུབ་འབྲས་ཡག་པོ་ཐོན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་སོགས་གསུངས་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས། ཁོང་གི་འོད་སྡེར་གཉིས་པ་ཡངས་པའི་ལམ་ཞེས་པ་དབུ་འབྱེད་གྲུབ་མཚམས། སྒྱུ་རྩལ་བ་རྟ་མགྲིན་གྱིས་ཁོང་གི་འོད་སྡེར་ལ་ཁྱད་ཆོས་གང་ཡོད་དང་། དམིགས་ཡུལ་གང་ཡིན་དང་འབྲེལ་ནས་གསུང་བཤད་གནང་དོན། ང་རང་བོད་པའི་ད་ལྟའི་གནས་སྟངས་དེ་དག་སྒྱུ་རྩལ་གྱི་ལམ་ནས་ངོ་སྤྲོད་ཐུབ་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན། དེར་བརྟེན་ཡངས་པའི་ལམ་མུ་མཐུད་དུ་རྒྱུན་སྐྱོང་རྒྱུ་ཡིན། ཡངས་པའི་ལམ་གྱི་ཁྱད་ཆོས་གཙོ་བོ་དེ་གཞས་ཚིག་དང་གདངས་ཚང་མ་གསར་པ་ཡིན་པ་དེ་རེད། གང་ཡིན་ཟེར་ན་དེང་སང་བོད་ཕྱི་ནང་གཉིས་ཀ་ནས་གཞས་པར་བཤུ་བྱེད་པའི་ལུགས་སྲོལ་ཞིག་ཡོད་རེད། དེ་འགོག་ཆེད་དུ་ཡིན། དེ་འགོག་ཆེད་དུ་ངས་ཡངས་པའི་ལམ་དང་པོ་དང་གཉིས་པ་གཉིས་ཀྱི་ནང་ཚིག་དང་གདངས་གསར་པ་བཟོས་ཡོད། ལྷག་པར་དུ་རྒྱ་གཞས་ཀྱི་གདངས་བོད་གཞས་ཀྱི་ནང་པར་བཤུ་བྱེད་པ་དེར་དགག་པ་རྒྱག་མཁན་ཞིག་ཡིན། རྒྱུ་མཚན་ཡིན་ཟེར་ན་ང་རང་ཚོས་ཚིག་དང་གདང་རྩོམ་མཁན་སྐད་གྲགས་ཆེན་པོ་དེ་འདྲ་ཡོད་རེད་ཅེས་གསུངས་སོང་།
ཡང་ཁོང་གིས་དེང་སང་ང་ཚོའི་སྤྱི་ཚོགས་ནང་སྒྱུ་རྩལ་ལས་རིགས་པ་མང་པོ་མེད་སྐོར་དང་། མ་འོངས་པར་བོད་ཕྱི་ཕྱོགས་སུ་ཡོད་མཁན་ཚོས་སྒྱུ་རྩལ་ལས་རིགས་ཐད་ཤུགས་རྒྱག་དགོས་སྐོར་སོགས་གསུངས་སོང་།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཀྱིས་གསུང་བཤད་གནང་སྐབས། བོད་ཀྱི་སྒྱུ་རྩལ་ལས་རིགས་དེ་མི་རིགས་ཀྱི་རིག་གནས་ཀྱི་ཆ་ཤས་ཤིག་ཆགས་ཡོད་པར་བརྟེན། རྟ་མགྲིན་གྱིས་སྒྱུ་རྩལ་ལས་རིགས་དང་འབྲེལ་བའི་ཐོག་ནས་སོ་སོའི་རིག་གཞུང་དར་སྤེལ་དང་། བོད་དོན་ཁྱབ་བསྒྲགས་ཐད་ལས་ཀ་བྱེད་ཀྱི་ཡོད་པ་དེ་བསྔགས་བརྗོད་འོས་པ་ཞིག་ཆགས་སྐོར་དང་། མ་འོངས་པར་སོ་སོའི་རིག་གཞུང་གི་ཁྱད་ཆོས་གཞིར་བཞག་བྱས་ཏེ་གསར་གཏོད་བྱ་དགོས་སྐོར། དེ་བཞིན་གཞས་དང་ཞབས་བྲོ་གང་ཡིན་ཡང་མི་རིགས་དང་སྤྱི་ཚོགས་ཀྱི་འཚོ་བ་མཚོན་ཐུབ་བྱ་དགོས་སྐོར་སོགས་གསུངས་སོང་།
ཆབ་སྲིད་བཙོན་ཟུར་གྲགས་ཅན་གྲྭ་འཇིགས་མེད་ཀྱིས་གསུང་བཤད་གནང་སྐབས། སྒྱུ་རྩལ་ལས་རིགས་པ་ཚོས་སོ་སོའི་རིག་གཞུང་དང་འབྲེལ་བའི་ཐོག་ཤུགས་རྒྱག་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་། དེ་བཞིན་བོད་མི་རིགས་ཆགས་དང་འཇིག་གི་ས་མཚམས་དེ། བོད་སྐད་ཡིག་ལ་ཐུག་ཡོད་པར་བརྟེན་མ་འོངས་པར་བོད་མི་ཚོས། སོ་སོའི་སྐད་ཡིག་སྲུང་སྐྱོབ་ཐད་ཤུགས་རྒྱག་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།
སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་སྐབས། མི་གཅིག་གིས་སོ་སོའི་རིག་གཞུང་དང་རྩ་དོན་ཁྱབ་བསྒྲགས་ཐད། ལས་ཀ་དེ་འདྲ་ཞིག་བྱེད་ཐུབ་པ་དེ་བསྔགས་བརྗོད་འོས་པ་ཞིག་ཆགས་ཡོད་སྐོར་དང་། དེ་བཞིན་མ་འོངས་པར་ལས་དོན་དེའི་ཐོག་མུ་མཐུད་དུ་ཤུགས་བརྒྱབ་སྟེ་བོད་དོན་ཁྱབ་བསྒྲགས་བྱེད་དགོས་སྐོར་སོགས་གསུངས་སོང་།
ཡངས་པའི་ལམ་ཞེས་པའི་འོད་སྡེར་ནང་། འཛུམ་གྱི་བདག་པོ་དང་། རང་དབང་གི་ལམ། བོད་མ་མཐོང་བའི་བུ་མོ། ཁྲག་གི་འཁོར་ལོ་སོགས་གཞས་བཅུ་གཉིས་ཡོད་པ་རེད་འདུག གསར་འགོད་པ་བློ་བཟང་མཁྱེན་བརྩེ།
བང་ཆེན་དྲ་བ་ནས།།
