རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཨ་ལགས་བཞག་པ་རིན་པོ་ཆེའི་བཀའ་སློབ་ཚན་བཤུས། ༡__༧

དང་བོ།
       སྤྱི་ལོ་ ༢༠༡༤ ༡༡ ༨ ཉིན་ཨ་ལགས་བཞག་པ་རིན་པོ་ཆེ་སྟོང་སྐོར་དགོན་གཞུང་གིས་གདན་ཞུས་གནང་བ་དང་། དགོན་གཞུང་གི་རེ་བའི་མོས་པ་དང་བསྟུན་བཀའ་སློབ་གནང་ཚུལ་སྐོར་འདི་ལྟར། ཐོག་མར་སེར་སྨད་དགེ་བཤེས་ཉི་མ་མཆོག་གིས། ཨ་ལགས་བཞག་པ་རིན་པོ་ཆེ་དུས་འདིར་གངས་ལྗོངས་སུ་ཉི་མ་ལྟར་བསྟན་འགྲོ་ལ་
ཕན་ཐོགས་ཆེ་བའི་སྐྱེས་ཆེན་ཡིན་པས་ངེད་ཅག་ངོས་ནས་ཀྱང་གདན་ཞུ་བྱས་པའི་གོ་སྐབས་འདི་ནི་བསྐལ་བ་བཟང་པོ་ཡིན་པའི་སྐོར་དང་། དམ་པ་ཁོང་གིས་བཀའ་སློབ་གནང་བ་ཇི་བཞིན་ངེད་ཅག་དགེ་འདུན་དམངས་ཀྱི་ངོས་ནས་དམ་ཚིག་ཚུལ་བཞིན་དུ་བསྲུང་བའི་སྐོར་དང་། མ་ཟད། མ་འོངས་པར་དམ་པ་ཁོང་གི་ཐུགས་དགོངས་ཇི་བཞིན་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ཡུན་རིང་སྤུས་དག་པོ་གནས་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན་པས། དགོན་པ་འདི་ལ་མུ་མཐུད་དུ་བཀའ་སློབ་ལམ་བསྟན་གནང་དགོས་པའི་སྐོར་གསུང་བཤད་གནང་། དེ་ནས།   རྗེ་བཙུན་བཞག་པ་རིན་པོ་ཆེ་མཆོག་གིས།  གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ་གསུང་པ་དང་། ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ།། འོ་ལགས་སོ།། དེ་ནས། སྐྱེ་བ་སྔ་མའི་ལས་དང་སྨོན་ལམ་ལས་དེ་རིང་ཁམས་སྟོང་སྐོར་དགོན་མཇལ་རྒྱུ་བྱུང་བའམ་སྐོར་བ་གཅིག་རྒྱབ་རྒྱུ་བྱུང་བ་འདིས་བསྐལ་པ་བཟང་ངོ་སྙམ་དུ་སེམས་ལ་དགའ་བ་ཆེན་པོ་སྐྱེས་སོང་། རྩ་བའི་ཆ་ནས་དེ་རིང་དཀར་མཛེས་དར་རྒྱས་དགོན་དུ་ལམ་རིམ་འཇམ་དཔལ་ཞལ་ལུང་འཆད་ཀྱིན་ཡོད་པས་ཉིན་དགུང་ལ་ཞེ་དྲག་ཁོམ་པ་མི་འདུག དེས་ན། དེ་རིང་མཚན་མོར་དགེ་འདུན་དམངས་ལ་དཀའ་ལས་འོ་བརྒྱལ་གཏེར་སོང་བས་དགོངས་པ་མ་འཚོམས་ཟེར་ནས་ཞུ་བ་འབུལ་རྒྱུ་ཡིན། དེ་ནས། དགེན་ཉི་མ་ཁོང་གིས་ཡིན་གཅིག་མིན་གཅིག་ང་ལ་སྐད་ཆ་ཚིག་ཁ་ཤས་ཞུ་བ་ཕུལ་དགོས་རེད། ཅེས་ནན་ཏན་གསུངས་པ་ལས། ངས་འདི་ནས་ཚིག་ཁ་ཤས་ཞུ་རྒྱུ་ཡིན། དམིགས་བསལ་གྱི་གྲ་སྒྲིག་གང་ཡང་མེད། འོན་ཀྱང་། ང་རང་གི་སེམས་ནང་ཡོད་པ་ཇི་བཞིན་རྣམ་པ་ཚོར་ཐད་ཀ་ཟེར་ནའམ་དྲང་པོའི་ལམ་ནས་ཞུ་བ་ཡིན།
དོན་དག་གཅིག་ག་རེ་རེད་ཟེར་ན།
གཉིས་པ།
        ང་འདིར་སླེབས་མ་ཚར་བར་དགོན་འདིར་ལོ་ཆུང་ཆུང་དང་། ལྷག་པར་དུ་གྲྭ་ཕྲུག་ཆུང་ཆུང་མང་བོ་ཡོད་པ་སེམས་ལ་དྲན་མ་སོང་། དང་བོར་གྲྭ་བ་ཆུང་ཆུང་དང་། དེ་ནས་རིམ་བཞིན་གྲྭ་བ་ཆེན་པོ་ཚོ་མཇལ་སྐབས་སུ་དཔེར་མི་སྲིད་པའི་དགའ་པོ་བྱུང་། ག་རེ་རེད་ཟེར་ན། ང་རང་ཚོ་དགོན་པ་ཞིག་ལ་མཚོན་ན། གྲྭ་བ་རྒས་པ་བླ་མ་དགེ་བའི་བཤེས་གཉེན་མང་བོ་བཞུགས་དགོས་པར་མ་ཟད། གྲྭ་ཆུང་མང་བོ་དགོས་ཀྱི་རེད། ལྷག་པར་དུ་གྲྭ་ཕྲུག་ཆུང་ཆུང་མང་བོ་ཡོད་པ་འདི་མ་འོངས་པའི་ས་བོན་རེད། འདིས་དགོན་པ་འདི་ཡར་རྒྱས་འགྲོ་དང་འགྲོ་བཞིན་ཡོད་པ་མཚོན་པ་རེད། ཉིན་ཞིག་ལ་གྲྭ་བ་ཚོ་ཆེ་རེ་འགྲོ། གྲྭ་བའི་སྡེ་ཉུང་རེ་འགྲོ། ལྷག་པར་དུ་གྲྭ་ཕྲུག་ཚོ་ཉུང་རེ་འགྲོ་བའི་སྐབས་ཡ་རྟགས་ཤིག་བསྟན་པ་མ་རེད། ག་རེ་རེད་ཟེར་ན། མ་འོངས་པའི་སངས་རྒྱས་ཀྱི་བསྟན་པ་རྒྱུད་འཛིན་མཁན་ཉུང་རེ་འགྲོ་བ་ཡིན་པས། དེང་སང་ས་ཆ་མང་བོ་ཞིག་གི་ནང་དུ་གྲྭ་བ་ཆུང་ཆུང་མེད་པ་ལ་གྲྭ་བ་རྒས་པ་མང་བོ་ལྷག་བསྡད་ཡོད་པའི་གནས་ཚུལ་ལྷག་དང་ལྷག་བཞིན་པ་ཡིན་ཙང་། དེ་རིང་འདིར་གྲྭ་ཆུང་མང་བོ་མཇལ་དུས་དཔེར་མི་སྲིད་པའི་དགའ་བ་ཆེན་པོ་བྱུང་། དེ་ཡང་། འདིར་བཞུགས་པའི་དགེན་ཉི་མ་ཁོང་དང་། གྲྭ་རྒན་མང་བོ་ཞིག་གི་བཀའ་དྲིན་ལས་རེད་མ་གཏོགས་ས་ཆ་གཞན་དག་འདི་འདྲའི་གྲྭ་ཆུང་མང་བོ་མི་འདུག ཁྱེད་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ།
      དོན་དག་གཉིས་པ་ནི། སྤྱིར་བཏང་། ད་ལོར་དབྱར་ཁ་ང་འདིའི་རྟའུ་རེད། བྲག་འགོ། དཀར་མཛེས་སོགས་དགོན་པ་བཅུ་བདུན་ཞིག་གི་ནང་དུ་སྐོར་བར་ཞིག་སླེབས་ཡོད་ཀྱང་། འདིར་འོང་ཡོད་མ་རེད། ག་རེ་རེད་ཟེར་ན། ཁོ་རང་ཚོས་ཆ་གཞི་ག་འདྲ་བཞག་ན་མ་གཏོགས་ང་རང་ལ་རང་དབང་སུ་ཞེ་དྲག་ཡོད་མ་རེད། ང་འདིར་འོང་འདོད་ཡོད་ཀྱང་ཁོ་རང་ཚོའི་ཆ་གཞིའི་ནང་དུ་མི་འདུག དཀར་མཛེས་དགོན་པ། དར་རྒྱས་དགོན་པ། ལྕོག་རི་དགོན་པ། བྲག་འགོ་དགོན་པ། མགར་ཐར་དགོན་པ་བཅས་ལ་བཀོད་སྒྲིག་བཟོས་པས་མཆོད་མཇལ་སོང་བ་དང་། རྟའུ་ཉི་དགོན་བཀོད་སྒྲིག་ནང་དུ་མེད་ཀྱང་ང་རང་གིས་ཐབས་ཤེས་གཞན་ཞིག་བྱས་ནས་དེའང་མཇལ་ཐུབ་སོང་། དེ་རིང་སྟོང་སྐོར་དགོན་པ་ཐེངས་དང་བོ་རེད། དམིགས་བསལ་སྟོང་སྐོར་དགོན་པར་འདི་འདྲ་ཞུ་དགོས་པའི་རྒྱུ་མཚན་ནི། ངས་སྔར་ནས་འཇམ་མགོན་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པར་སློབ་གཉེར་བྱེད་མཁན་དགེ་འདུན་གྱི་སྡེ་ཧ་ཅང་ཆེན་པོ་དང་། སྟོང་སྐོར་དགོན་པར་གྲྭ་བ་ཡག་པོ། སྐུ་གསུང་ཐུགས་རྟེན་ཡག་པོ་མང་བོ་ཡོད་པ་ཐོས་མྱོང་ཡོད། ཁྱད་པར་དུ་སྟོང་སྐོར་དགོན་པ་དང་། ངའི་དགོན་པ་གཉིས་ཀ་སེར་སྨད་ཡིག་ཆ་རེད་འདུག བྱས་ཙང་ཡིག་ཆ་ལ་བཤད་ན་གཅིག་པ་རེད་འདུག རྒྱུད་པ་ལ་བཤད་ན། ཁྱེད་རང་ཚོ་དང་ངའི་དགོན་པ་གཉིས་ཀ་རྒྱུད་སྨད་པའི་ལུགས་རེད། སྔ་ནས་ངའི་དགོན་པ་རྒྱུད་སྨད་པ་ཡིན་ཟེར་ནས་གྲགས་ནའང་ས་ཆ་སོ་སོའི་འགྲོ་སྟངས་མི་འདྲ་བའི་དབང་གིས་རྒྱུད་སྨད་དང་མི་མཐུན་ས་མང་བོ་ཡོད་བསྡད་པ་རེད།
གསུམ་པ།
        རྒྱ་གར་རྒྱུད་སྨད་གྲྭ་ཚང་དུ་ལོ་བཅུ་གཉིས་ཙམ་ལ་དབུ་མཛད་མཛད་མྱོང་མཁན་དགེན་དམ་ཆོས་ལགས་ནི། སྐྱབས་མགོན་རིན་པོ་ཆེ་དཔེར་ཐུགས་མཉེས་པོ་གནང་ས་ཞིག་རེད། ན་ནིང་ལོར་ང་ཚོའི་དགོན་པ་ནང་དུ་ཕེབས་ནས་ལོ་གསུམ་དང་། ངའི་དགོན་པ་ལ་ཆེད་དུ་གདན་འདྲེན་ཞུས་པ་ཡིན། སྲུང་མའི་ནང་ན་མགོན་པོ་ཞལ་བཞི་ཟེར་བ་དང་། དཔལ་ལྡན་ལྷ་མོ་སོགས་གསོལ་མཆོད་བྱེད་ཚུལ་སྔར་གྱི་ལུགས་སྲོལ་རང་སོར་བཞག་ཡོད་མ་གཏོགས། དེ་མིན་ཐམས་ཅད་ཐ་ན་སྐད་དང་བཅས་པ་རྒྱུད་སྨད་ཇི་མ་ཇི་བཞིན་ཡག་པོ་ཞེ་དྲག་བྱུང་ཡོད། བྱས་ཙང་ང་ཚོ་ཚང་མ་དམིགས་བསལ་གྱི་མདོ་སྔགས་གཉིས་ཀའི་ཐད་ནས་དམ་ཚིག་ཡག་པོ་ཞེ་དྲག་རེད་དྲན་ནས་དགའ་བོ་བྱུང་། དེ་དོན་དག་གཉིས་པ་ཡིན།
         དོན་དག་གསུམ་པ་ནི། འཇམ་མགོན་བདག་ཉིད་ཆེན་པོས། རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་གསུངས་པས། འཇམ་མགོན་བླ་མའི་བསྟན་པ་ལ་ཞུགས་མཁན་ཞིག་ཡིན་ཕྱིན་ཆད་ཡིན་ལུགས་རྣམ་པ་དཔྱོད་པའི་ཤེས་རབ་ཅིག་ཡིན་གཅིག་མིན་ཅིག་དགོས་རྒྱུ་རེད། དེའང་རང་སྟོབས་ཀྱི་མ་ཡིན་པར་སློབ་སྦྱོང་བྱེད་སྟེ། མ་གིའི་བསྡུས་གྲྭ་ནས། རྟགས་རིགས། བློ་རིག ཕར་ཕྱིན། དབུ་མ། འདུལ་བ། མཛོད། དེ་ནས་སྔགས་ཀྱི་རིམ་པ་གསང་བ་འདུས་པ། བདེ་མཆོག འཇིགས་བྱེད་ཀྱི་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་བཅས་རིམ་པ་བཞིན་དུ་སློབ་སྦྱོང་བྱེད། དེ་ནས་ཡིན་ལུགས་རྣམ་པར་དཔྱོད་པའི་ཤེས་རབ་ཅིག་སྐྱེ་དགོས། དེ་དོན་དག་གལ་ཆེན་པོ་ཞེ་དྲག་རེད། དེ་ནས། གཞུང་ལུགས་སྡོམ་པ་ཤར་བའི་ཉམས་ལེན་དང་ཞེས། ཆོས་ཞེས་པ་ནི་རང་རྒྱུད་ཀྱི་ཉོན་མོངས་འདུལ་ཐབས་ཤིག་རེད། ཆོས་ཤེས་ཀིན་ལ་འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཁོང་ཁྲོ། ཕྲག་དོག སེར་སྣ་བཅས་ཇེ་ཆེ་སོང་བ་དེ་ཙམ་གྱིས་ཕན་ཐོགས་ཡོད་མ་རེད། བྱས་ཙང་ཆོས་གང་ཤེས་པ་དེས་རང་རྒྱུད་ཀྱི་ཉོན་མོངས་པ་གསུམ། འདོད་ཆགས། ཞེ་སྡང་། གཏི་མུག ཡང་ན་རྒྱས་པ་ཕྱེ་ན་འདོད་ཆགས་ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། ལྟ་བ་ལ་ལྔ་ཡོད་པའི་འཇིག་ལྟར། མཐར་ལྟར། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་གཏི་མུག་མཆོག་འཛིན། ལོག་ལྟ་ལ་སོགས་པའི་ཉོན་མོངས་པ་རྣམས་འགོ་གནོན་པ་བྱུང་ན། གཞུང་ལུགས་ཐམས་ཅད་གདམས་པར་ཤར་བ། ཉོན་མོངས་པ་ཆུང་རེ་སོང་བ། སྒོ་གསུམ་གྱི་ཡོན་ཏན་ཆེ་རེ་སོང་བས་ཕུན་སུམ་ཚོགས་པ་གསུམ་མངའ་བ་རེད། འདི་གལ་ཆེན་པོ་ཞེ་དྲག་རེད། དེ་ཙམ་གྱིས་ཕན་གྱི་རེད་དམ་ཟེར་ན། མ་རེད། ག་རེ་རེད་ཟེར་ན། ང་ཚོའི་ཐེག་པ་ཆེན་པོའི་ཆོས་འདི་ནི། རང་ཁོ་ནའི་ཐར་པ་ཐོབ་ཆེད་མ་ཡིན་པར་སེམས་ཅན་གཞན་གྱི་དོན་བསྒྲུབ་དགོས་རྒྱུ་རེད། དེ་སྒྲུབ་པ་ལ་འཆད་རྩོད་རྩོམ་གསུམ་གལ་ཆེན་པོ་ཞེ་དྲག་རེད། བྱས་ཙང་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ཞེས་གསུངས་པས་བཅུ་ཕྲག་རིག་པའི་གནས་ཐམས་ཅད་མཁྱེན་དགོས་མཁན་ཞིག་དགོས་རེད། དེ་འདྲ་ཡིན་ཙང་ང་རང་ཚོ་བོད་ཀྱི་ལུང་བ་ནང་བཤད་སྒྲུབ་གང་འདྲ་ཡོད་རེད་ཟེར་ན། གྲྭ་བ་ཡིན་ན་འདྲ་བླ་མ་ཡིན་ན་འདྲ་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་བཟོ་དགོས་རེད།
བཞི་བ།
འོ་ན་མཁས་པ་ནི་གང་འདྲ་ཞིག་རེད་ཟེར་ན། རིག་པའི་གནས་ལྔ་གར་མཁས་པ་དང་། ཁྱད་པར་དུ་མདོ་སྔགས་གཉིས་ཀར་མཁས་པ་ཞིག་དགོས་རེད། དེའི་ནང་ནས་ང་རང་ཚོ་དགེ་ལུགས་པ་ལ་ཆ་བཞག་ན་གཙོ་བོ་དཔེ་ཆ་རྩོད་པའི་སྐོར་ཤེས་མཁན་ཡོད་ཀྱང་། སུམ་རྟགས་དག་གསུམ། སྙན་དངགས། མངོན་བརྗོད། རིག་གནས། སྒྲ་རིག་པ་དང་བཅས་པ་ཞེ་དྲག་ཤེས་མཁན་མེད་པའི་རྣམ་པ་འདྲ་འདུག དེའི་སྐྱོན་གྱིས་དགེ་ལུགས་པའི་ཕྱོགས་དཔེ་ཆ་ཇི་འདྲའི་མཁས་པ་རེད་ཟེར་བའི་སྐད་གྲགས་ཅན་ཡིན་ནའང་། ཡི་གེ་འབྲི་དགོས་པའི་སྐབས་ཐ་ན་རང་གི་མིང་ཙམ་ཡང་འབྲི་མི་ཤེས་པའི་གནས་ཚུལ་ལྷག་བསྡད་ཡོད་པས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་མཐར་སྤེལ་བར་འགལ་རྐྱེན་ཆེན་པོ་རེད། དཔེར་ན། གངས་ཅན་ལྗོངས་སུ་རྫ་སེར་ཤུལ་དགོན་གྱི་ཁྲི་བ་རིན་པོ་ཆེ་ཁོང་དང་། དགེན་འཇམ་དཔལ་བློ་ཤེས། ལབ་དགོན་གྱི་དགེ་བཤེས་རྣམ་པ་ཚོས་ཐབས་ཤེས་བྱས་ནས། བྲག་འགོ་དགོན། ལྕོག་རི་དགོན། དཀར་མཛེས་དགོན། ཨ་མདོ་ཕྱོགས་དྷཱི་ཚ་དགོན། རྔ་བ་སྒོ་མང་དགོན་བཅས་ཁམས་དང་ཨ་མདོ་ག་ས་ག་ནས་དགེ་བཤེས་ཡག་པོ་ཉི་ཤུ་ཐམ་པ་ངའི་རྩ་ལ་བསུས། ན་ནིང་ནས་ཁྲི་བ་རིན་པོ་ཆེའི་གསུང་བ་ལྟར། སྔོན་མ་ཡིན་ན། སྟོད་རྒྱ་གར་ཙ་རི་མན་ཆད་ནས། སྨད་དགྱ་ནག་མཆོད་རྟེན་དཀར་པོ་ཡན་ཆད་བར་དགེ་ལུགས་པའི་ཁྱབ་ཡོད་ཟེར་ནས་ང་རྒྱལ་ཆེན་པོ་ཞིག་དང་ཡིན་ཤག་ཤག་བྱས་ནས་བསྡད་ཡོད། འོན་ཀྱང་དེ་རིང་ཁ་སང་རི་བོ་དགེ་ལུགས་པའི་ནང་དུ་སངས་རྒྱས་ཀྱི་བསྟན་པ་ཕྱོགས་མཐར་སྤེལ་ཐུབ་མཁན་ཉུང་ཉུང་ཞིག་ལས་མང་བོ་ཡོད་མ་རེད། ཁྱད་པར་དུ་དགྱ་ནག་པོའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་མཁན་ཞིག་མེད་ན། མ་འོངས་པར་ང་རང་ཚོར་དཀའ་ངལ་ཆེན་པོ་འཕྲད་ས་རེད་ཟེར་བ་དང་། ན་ནིང་སྐྱབས་མགོན་རིན་པོ་ཆེ་ཐའི་ཝན་དུ་ཕེབས་སྐབས་ཁོང་གིས་གསུང་འདུག དགྱ་ནག་ལྟ་བུ་ཡིན་ན་ནང་ཆོས་དར་ནས་མི་ལོ་སྟོང་ཕྲག་གཉིས་དང་ཆིག་བརྒྱ་འགྲོ་ཚར་བ་རེད། སྤྱི་ལོའི་ཡར་ངོའི་ལོ་བརྒྱ་མཚམས་སུ་དང་བོ་དགྱ་ནག་ཏུ་ཆོས་དར་བ་དང་། སྤྱི་ལོ་དྲུག་ཅུ་རེ་ལྔའི་ལོར་མདོ་ཚན་བཞི་བཅུ་ཞེ་གཉིས་པ་ཐེངས་དང་བོ་དགྱ་ཡིག་ཐོག་བསྒྱུར་བ་རེད། བྱས་ཙང་སྔ་པོ་ཞེ་དྲག་རེད། ང་རང་ཚོ་བོད་དུ་སྤྱི་ལོ་དྲུག་བརྒྱ་སུམ་ཅུ་སོ་གཉིས་ལོར་རྒྱལ་བོ་སྲོང་བཙན་སྒམ་བོས་ཐོན་མི་སམྦྷོ་ཊ་རྒྱ་གར་ལ་ཡི་གེ་སློབ་ཏུ་བཏང་། སྤྱི་ལོ་དྲུག་བརྒྱ་སུམ་ཅུ་སོ་བརྒྱད་ཀྱི་ལོར་ཐོན་མི་སམྦྷོ་ཊ་བོད་ལ་ཕེབས་ཏེ་བོད་ཡིག་ཐེངས་དང་བོའམ་གསར་དུ་བཟོས། དེ་ནས་མདོ་སྡེ་སྤང་སྐོང་ཕྱག་རྒྱ་བ་དང་། མདོ་སྡེ་ཟ་མ་ཏོག་གཉིས་ཀ་བོད་ཡིག་ཏུ་བསྒྱུར། དེ་ནས་རིམ་པ་བཞིན་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ལ་སོགས་བོད་ཡིག་ཏུ་བསྒྱུར་བས་བོད་དུ་ནང་ཆོས་ཐོག་མར་དེ་ནས་དར་བ་རེད། སྤྱི་ལོ་༡༧༨༤ ཡང་ན་ ༡༧༨༥ དེ་པ་ཞིག་ལ་རྒྱལ་སྲས་ཞི་བ་འཚོ་ཐེངས་དང་བོ་བོད་དུ་ཕེབས། བོད་ཀྱི་མི་བདུན་རབ་བྱུང་སྒྲུབ་པས་དེ་ལ་སེར་མོ་མི་བདུན་ཟེར་བ་རེད། སྤྱི་ལོ་༡༠༤༢ ལོར་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྟོད་མངའ་རིས་ཀྱི་ས་ཆར་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་གདན་དྲངས་ནས། ཐེངས་དང་བོར་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་དྲི་བ་བདུན་དྲིས།
ལྔ་བ།
     དེའི་ལན། བྱང་ཆུབ་ལམ་གྱི་སྒྲོན་མ་གསུང་པ་རེད། དེ་ནས། སྤྱི་ལོ་ ༡༣༥༧ ལོར་རྗེ་རིན་པོ་ཆེ་སྐུ་འཁྲུངས། སྤྱི་ལོ་ ༡༣༦༤ ལོར་རྒྱལ་ཚབ་དར་མ་རིན་ཆེན་སྐུ་འཁྲུངས། སྤྱི་ལོ་ ༡༣༧༤ ལོར་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་འཁྲུངས། སྤྱི་ལོ་ ༡༣༧༩ ལོར་འབྲས་སྤུངས་དགོན་པ་ཕྱག་འདེབས་མཁན་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་སྐུ་འཁྲུངས། སྤྱི་ལོ་ ༡༣༥༤ སེ་ར་དགོན་པ་ཕྱག་འདེབས་མཁན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་སྐུ་འཁྲུངས། སྤྱི་ལོ་ ༡༣༨༢ རྗེ་ཤེས་རབ་སེང་གེ་དང་། གུང་རི་རྒྱལ་མཚན་བཟང་བོ་འཁྲུངས། སྤྱི་ལོ་ ༡༣༨༥ ལོར་མཁས་གྲུབ་རྗེ་འཁྲུངས། སྤྱི་ལོ་ ༡༣༩༡ ལོར་རྗེ་དགེ་འདུན་གྲུབ་འཁྲུངས། སྤྱི་ལོ་ ༡༤༠༨ ལོར་རྗེ་རིན་པོ་ཆེས་ལྷ་སར་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས། སྤྱི་ལོ་ ༡༤༡༦ ལོར་འབྲས་སྤུངས་དགོན་པ་ཕྱག་བཏབ། སྤྱི་ལོ་ ༡༤༡༩ ལོར་སེ་ར་དགོན་པ་ཕྱག་བཏབ། རྗེ་རིན་པོ་ཆེ་ལོ་དེར་དགོངས་པ་རྫོགས། འོ་དེ་འདྲའི་རིམ་པ་བཞིན་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་ས་སྟེང་ན་མི་ཤོང་བ་རྐྱང་རྐྱང་ཕེབས་ཏེ། རི་བོ་དགའ་ལྡན་པའི་བསྟན་པ་འདྲ་བའི་ནང་ནས་མི་འདྲ་བ། གསེར་གྱི་ཡང་ཞེན་ལྟ་བུ། འགྲན་ཟླ་མེད་པ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ལྟ་བུ་ཞིག་དར་བ་རེད། བྱས་ཙང་ང་རང་ཚོ་མདོའི་ཆ་ནས་བཤད་ན། ཕར་ཕྱིན། དབུ་མ། འདུལ་བ། མཛོད། ཚད་མ་དང་བཅས་པར་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཐར་ཕྱིན་པ་བྱེད་ས་དེའང་མཁས་གྲུབ་རྗེ་དགུང་ལོ་ ༥༠ སྤྱི་ལོ་ ༡༤༣༥ ལོར་མཚན་ཉིད་གྲྭ་ཚང་ཟེར་ནས་ད་ལྟར་ཡོད་པའི་འཛིན་གྲྭ་ཡར་འཕར་རྒྱུ་ཡོད་པར་ལོ་བཅོ་བརྒྱད་ཀྱི་མཚམས་སུ་དགེ་བཤེས་བཏང་ཡས་དང་། དེ་ནས་རྒྱུད་པ་གྲྭ་ཚང་དུ་སྔགས་ལོ་ལྔར་སྦྱོང་པའི་ལུགས་སྲོལ་ཡོད་རེད། སྔར་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་སྐུ་དུས་ལ་ཕུན་སུམ་ཚོགས་པ་བྱུང་བས། དེ་རིང་ཁ་སང་ལའང་དགེ་བཤེས་ལྷ་རམས་བཏང་ཡས་དང་། རྒྱུད་པ་གྲྭ་ཚང་དུ་སྔགས་རམས་བཏང་ཡས་ལུགས་སྲོལ་ཡོད་པས་འཇམ་མགོན་བླ་མའི་བསྟན་པ་ནི་འདྲ་བའི་ནང་ནས་མི་འདྲ་བ། འགྲན་ཟླ་མེད་པ་ཞིག་བྱུང་བ་རེད། དེའི་བཀའ་དྲིན་ལས། སྤྱི་ཚོགས་གཉིས་པ་ཡིན་ན་ཧ་ཅང་གི་བསྟན་པ་ས་དར་རྡོ་དར་རེད། འོན་ཀྱང་། དེའི་རྗེས་སུ་རིག་གནས་གསར་བརྗེ་ཟེར་བ་ཞིག་ཤར་ནས་བསྟན་པར་བར་ཆད་ཆེན་པོ་བྱུང་། རྒྱ་གར་ཡིན་ན་སྐྱབས་མགོན་ཐམས་ཅད་མཁྱེན་པའི་བཀའ་དྲིན་ལས་སེར་འབྲས་དགའ་གསུམ་བཙུགས་ཏེ་སློབ་གཉེར་ཆ་ཚང་བ་ཡོད་པ་རེད། བོད་ཀྱི་ས་ཆ་ཡིན་ན་བསྟན་པར་བར་ཆད་ཆེན་པོ་བྱུང་སྟེ་མིང་གི་ལྷག་མ་ཙམ་གྱུར་སོང་། དངོས་གནས་གྲྭ་རྒན་ཚོ་བཀའ་དྲིན་ཆེན་པོ་རེད། གྲྭ་རྒན་མང་བོ་མེད་ཀྱང་། ང་ཆུང་དུས་ངས་དྲན་གི། གྲྭ་རྒན་ཚོའི་གྲྭ་གོས་གྱོན་ནས་འགྲོ་ཆོག་མ་རེད། སྐྱ་ཆས་གྱོན་པ་དང་རྐེད་རས་སེར་བོ་ཞིག་མ་གཏོགས་གྲྭ་གོས་གྱོན་ནས་འགྲོ་ཆོག་མ་རེད། ངའི་དགེན་གྱིས་ལྷ་སར་ལོ་བཅུ་གཉིས་ལ་སློབ་སྦྱོང་བྱས། ངའི་དགེན་ནི་མཁས་པ་རེད་ཟེར་གྱིན་འདུག ངའི་དྲན་གི། ཉི་མ་གཅིག་ལ་དགེན་གྱིས་ང་ཁྲིད་ནས་ང་གཉིས་ལྷ་གསོལ་གཏོང་མཁན་འགྲོ་དུས་དགེན་གྱིས་གྲྭ་གོས་གྱོན་ཡོད་པས་དཀའ་ལས་མང་བོ་མྱོང་དགོས་ཡོད། ང་ཆུང་ཆུང་རེད་འཇིགས་ཤིང་སྐྲག་ནས་ཧང་སང་སོང་།
དྲུག་པ།
      དེ་ནས་སྤྱི་ལོ་ ༡༩༨༡ ལོར་སླ་ཡང་ཆོས་སྒོ་ཕྱེ་བས་དེ་རིང་ཁ་སང་འདི་འདྲ་བྱུང་བ་རེད། བྱས་ཙང་གནས་སྐབས་ང་རང་ཚོར་འདུས་ཁང་། གཙུག་ལག་ཁང་། རྟེན་དང་བརྟེན་པ་དང་བཅས་པ་ག་ས་ག་ལ་ཡོད་ནའང་། ད་རུང་ང་ཚོ་དགེ་ལུགས་པ་གཉིད་ཁུག་ནས་བསྡད་ཡོད་པ་རེད། དེ་ནི་དཔེར་མི་སྲིད་པའི་ཉན་ཁ་ཆེན་པོ་མཐོང་གིན་ཡོད། སྐྱབས་མགོན་༧ཐམས་ཅད་མཁྱེན་པའི་ཚར་མང་བོ་གསུང་གི་ཡོད་རེད། དཔེར་ན། དགེ་བཤེས་ཚོར་ཁྱེད་ཚོས་དགྱ་ཡིག་སྦྱོངས་ཤིག་ཨ། དགྱ་ནག་ལུང་པ་ནང་དུ་མི་དུང་ཕྱུར་བཅུ་གཉིས་ཙམ་ཞིག་ཡོད་རེད་ད། ང་ཚོ་བོད་ཡོངས་རྫོགས་ལའང་ཁྲི་ལྔ་བརྒྱ་ཉི་ཤུ་མ་གཏོགས་ཡོད་མ་རེད། དགྱ་ནག་མི་དུང་ཕྱུར་བཅུ་གཉིས་ཡོད་པས་དེ་རྣམས་ཀྱིས་ནང་ཆོས་ལ་དད་པ་བྱས་ནས་ལོ་སྟོང་ཕྲག་གཉིས་འགྲོ་ཚར་བ་རེད། ཞིང་འདྲ་ཞིག་ཡིན་ན། ཞིང་སྐམ་པོ་མེ་ཞིག་བཙུགས་ན་དེ་མ་ཐག་འབར་འགྲོ་བ་ལྟ་བུ་ཞིག་རེད། ཁོ་རང་ཚོ་མི་ཚེ་མི་རབས་ལ་ཆོས་ལ་དད་པ་བྱེད་མཁན་ཡིན་པས་ཆོས་ཅུང་ཟད་བཤད་ནའང་དེ་མ་ཐག་ཨོ་ཨོ་བདེན་པ་རེད་བསམ་ནས་ཕན་ཐོགས་ཆེན་པོ་ཡོད་རེད། ཕྱི་རྒྱལ་མགོ་སེར་དང་འདྲ་བ་མ་རེད། བྱས་ཙང་། དེ་རིང་ཁ་སང་ནང་ཆོས་ཅུང་ཟད་སྤེལ་མ་ཐུབ་ན། མ་འོངས་པར་ཡེ་ཤེས་ཆོས་ལུགས་དང་། ཕྱི་རོལ་པའི་ཆོས་ལུགས་ཀྱིས་བཟུང་སོང་ན། དེ་ནས་ང་རང་ཚོ་ཁ་འཁོར་ས་ཡོད་མ་རེད། ལུང་པ་ཁུག་ཀྱོག་རེ་མ་གཏོགས་རྒྱ་ཆེ་ས་ནས་ཤོར་འགྲོ་བའི་གནས་ཚུལ་ཡོད་རེད། ཅེས་ཐམས་ཅད་མཁྱེན་པ་ཁོང་གི་ཡང་གསུང་གིན་ཡོད་པར་མ་ཟད། ང་ཚོ་དགེ་བའི་བཤེས་གཉེན་མང་བོ་ཞིག་གི་ཐུགས་ལ་དགོངས་ཀྱི་ཡོད་རེད། ང་ཚོའི་ཀླད་པ་ད་གསར་དུ་གཉིད་ལས་སད་རེད་བསམ་བཞིན། གསེར་རྟའི་མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་ཚང་དངོས་གནས་མཁས་པ་རེད། རྒྱུ་མཚན་ནི། སྤྱི་ལོ་༡༩༨༢ ལོ་ནས་ཁོང་གིས་མཁྱེན་འདུག དེས་ན། དམ་པ་ཁོང་རི་བོ་རྩེ་ལྔ་ལ་ཕེབས། ཀུན་ཏུ་བཟང་བོའི་གནས་འོག་མིན་ཞིང་ལ་ཕེབས་ཏེ། དགྱའི་སློབ་མ་སྐྱོང་། ཁོང་གི་སློབ་མ་རྣམས་ལའང་མཁས་པ་བྱུང་འདུག དེང་སང་དགྱ་ནག་གི་གྲོང་པ་ག་ས་ག་ལ་གསེར་རྟའི་ཆོས་ཚོགས་མེད་ས་དང་། གསེར་རྟར་དད་པ་བྱེད་མཁན་མེད་ས་མི་འདུག་ཨ། ང་རང་ཚོ་དགེ་ལུགས་པ་ཡིན་ན། དགོན་པ་མང་བོ་དང་། གྲྭ་བ་མང་བོ་ཡོད་ཀྱང་དགྱ་ནག་ས་ཆར་དེ་འདྲའི་ཆོས་ཚོགས་དང་། དད་པ་བྱེད་མཁན་མི་འདུག དེ་འདྲའི་ཆོས་སྤེལ་མཁན་ཡང་མི་འདུག ང་རང་ཚོ་ལུང་པ་ཆུང་ཆུང་ཞིག་གི་ནང་དུ་གཉིད་ཁུག་ཆེ་འགྲོ་རེད། ང་རང་ཚོ་ཡུན་རིང་ཉལ་ཉལ་ད་དེ་འདྲ་རེད། ལུང་པ་ཁུག་ཀྱོག་ཅིག་གི་བསམ་བློ་གཅིག་པུ་བཏང་ནས་གནད་དོན་ཆེ་སར་ཤེས་ཡོད་མ་རེད། ཕྱིའི་རྒྱལ་ཁབ་ལ་འདྲ་མ་རེད། ནང་ཆོས་བཤད་མཁན་ས་ཁྱབ་རྡོ་ཁྱབ་རེད། ཡུ་རོབ་དང་། ཨ་མི་རི་ཀ་སོགས་ག་ས་ག་ལ་ཆོས་བཤད་མཁན་དགེ་བཤེས་ཀྱིས་གང་ནས་བསྡད་ཡོད་ཀྱང་། ནང་ལོགས་ལ་ནང་པ་སངས་རྒྱས་པའི་ཆོས་སྤེལ་མ་ཐུབ་པས་དཀའ་ངལ་མང་བོ་འཕྲོད་རྒྱུ་འདུག བྱས་ཙང་ཁྱེད་རང་ཚང་གྲྭ་ཕྲུག་ཆུང་ཆུང་འདི་འདྲའི་མང་བོ་ཡོད་པས་རྒྱུ་ནང་གི་རྒྱུ་རེད། དགེན་ཉི་མ་ཁོང་གིས། ང་ཚོའི་དགོན་པ་དཔལ་འབྱོར་སྐྱོ་པོ་ཡིན། ཞེས་གསུངས་ཀྱང་།
བདུན་པ།
      ངས་བལྟས་ན་རྒྱུ་ནོར་ལོངས་སྤྱོད་ག་རེ་ཡིན་ན་ཕན་ཐོག་ཡོད་པ་མ་རེད། གྲྭ་བ་ཆུང་ཆུང་འདི་ཚོ་རྒྱུ་རྩ་ཆེན་པོ་ཞིག་དང་། འདི་ཚོ་ལས་དགའ་བའི་རྒྱུ་ཞིག་ཡོད་པ་མ་རེད། བདག་སྐྱོང་ཡག་པོ་བྱེད་དགོས། དང་བོ་ནས། སུམ་རྟགས་དག་གསུམ། འདོན་ཁ་ཁྲལ་ཡག་པོ་སྦྱོང་། མ་ཟད། བསྡུས་གྲྭ། བློ་རྟགས། ཕར་ཕྱིན་སྐབས་དང་བོ་ནས་བརྒྱད་པའི་བར་ཡག་པོ་སློབ་སྦྱོང་བྱ་དགོས། དེའང་གཙོ་བོ་མཁས་གྲུབ་བསྟན་པ་དར་རྒྱས་ཀྱི་ཡིག་ཆ། དེ་ནས་རྗེ་རིན་པོ་ཆེའི་གསུང་ལེགས་བཤད་གསེར་ཕྲེང་། རྒྱལ་ཚབ་རིན་པོ་ཆེའི་གསུང་རྣམ་བཤད་སྙིང་རྒྱན། མཁས་གྲུབ་རིན་པོ་ཆེའི་གསུང་རྟོགས་དཀའ་སྣང་བ། ད་རུང་དེར་མ་ཟད་རྒྱ་གར་འཕགས་པའི་ཡུལ་གྱི་སློབ་དཔོན་སེང་གེ་བཟང་བོས་མཛད་པའི་བརྒྱད་སྟོང་འགྲེལ་ཆེན་དང་། འགྲེལ་བ་དོན་གསལ། ཤེར་ཕྱིན་ལེའུ་བརྒྱད་མ། དེར་མ་ཟད་འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བརྒྱད་སྟོང་པ་ལ་སོགས་པ། མདོ་ནས་བཟུང་སྟེ་རྒྱ་གར་གྱི་པཎྡི་ཏ་རྣམས་ཀྱི་བསྟན་བཅོས། དེ་ནས་རྗེ་ཡབ་སྲས་གསུམ་གྱི་གཞུང་། དེ་ནས་རང་གི་ཡིག་ཆ་དང་བཅས་པ་ལ་སློབ་སྦྱོང་མཐར་ཕྱིན་པའམ། ཡག་པོ་ཞིག་ཁོང་ཚོར་དགུང་ལོ་ཆུང་ཆུང་ཡིན་ཙང་ཏན་ཏན་ཡག་པོ་ཡོང་གི་ཡང་རེད་ལབ། དེ་འདྲ་དཔེར་ཡག་པོ་འོང་རྒྱུ་ངའི་རེ་བ་དང་བོ་དེ་ཡིན།
        རེ་བ་གཉིས་པ་ནི། དཔེར་ན། ཚད་མ་ལྟ་བུ་ལ་ཆ་བཞག་ན་དགེན་ཡེ་ཤེས་དབང་ཕྱུག་གི་ཚད་མའི་དགོངས་རྒྱན་རྩ་ཆེན་པོ་ཞེ་དྲག་རེད། སེར་སྨད་ཡིག་ཆ་རེད། འོན་ཀྱང་དེ་ཙམ་གྱིས་ཡིད་མ་ཚིམ་པར་རྒྱལ་ཚབ་རིན་པོ་ཆེའི་རྣམ་འགྲེལ་ཐར་ལམ་གསལ་བྱེད། མཁས་གྲུབ་རིན་པོ་ཆེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། ཁྱད་པར་དུ་ད་ལྟར་ང་རང་ཚོ་དགེ་ལུགས་པའི་ངོས་ནས་བཤད་ན་རྒྱལ་ཚབ་རིན་པོ་ཆེའི་རྣམ་ངེས་ཊཱིཀ་ཆེན་ཡག་པོ་ཡོད་ཀྱང་དེང་སང་བཤད་མཁན་མི་འདུག དེ་ནས་ཚད་མ་རིགས་ཐིགས། མདོར་ན། ཤིན་ཏུ་རྒྱས་པ་ཚད་མ་རྣམ་འགྲེལ། ཅུང་ཟད་བསྡུས་པ་ཚད་མ་རྣམ་ངེས། ཤིན་ཏུ་བསྡུས་པ་ཚད་མ་རིགས་ཐིགས་བཅས་ལ་འགྲེལ་བཤད་ཕུན་སུམ་ཚོགས་པ་ཞིག་བྱུང་དགོས་རེད། དེ་ཙམ་གྱིས་མ་ཚིམ་པར་དཔལ་ལྡན་ཆོས་གྲགས་རང་གིས་མཛད་པའི་ཚད་མ་སྡེ་བདུན། རྣམ་འགྲེལ་ལེའུ་དང་བོའི་འགྲེལ་བ། སློབ་དཔོན་ལྷ་དབང་བློས་མཛད་པའི་འགྲེལ་བ་རྣམས་དང་། སློབ་དཔོན་ཤཱཀྱ་བློའི་འགྲེལ་བ། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་མདོ་དང་། དེའི་རང་འགྲེལ་དང་། རྒྱལ་ཚབ་རིན་པོ་ཆེས་མཛད་པའི་དེའི་འགྲེལ་བ་དང་། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་དང་། དེའི་ནང་ནས་སའི་དངོས་གཞི་དང་། དེ་ལའང་ས་བཅུ་བདུན་ཡོད་པས་ས་བཅུ་པ་ཐོས་པའི་ས་ཟེར་བ་ཞིག་ཡོད་རེད། དེ་ལའང་རིག་པའི་གནས་ལྔ་ཡོད་པས་གཏན་ཚིགས་རིག་པ་ཟེར་བ་འདི་ང་རང་ཚོ་ཚད་མའི་ཁུངས་གཏུགས་ས་གཙོ་བོ་རེད། དེར་མ་ཟད། དགྱ་ནག་དཔེ་ཆ་ནང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཐབས་ལ་མཁས་པའི་བསྟན་བཅོས་ཟེར་བའི་ཚད་མའི་སྐོར་ཞིག་འདུག དེའང་ན་ནིང་ངས་བོད་ཡིག་ཐོག་ཚུར་བསྒྱུར་ཡོད། དེ་དང་བཅས་པར་སློབ་གཉེར་ཡག་པོ་གནང་རོགས་གནང་། དེ་ནས། དབུ་མ་ལྟ་བུ་ལ་ཆ་བཞག་ན། ང་རང་ཚོ་དབུ་མ་ཐལ་འགྱུར་བ་ཡིན་ཟེར་དགོས་རེད། དེ་ཡིན་ན།
སྟོང་སྐོར་དགོན་དུ་གནང་བའི་བཀའ་སློབ་ཁག་བཅུ་བཞི་ཡོད།
མུ་འགོད་བྱ་རྒྱུ་ཡིན།
བཙན་པོའི་མགར་གྱི་དྲ་བ་ནས་བཤུས།།