རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

འདས་ལོར་བོད་ནས་མི་ ༡༢༠ ཙམ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་འདུག

རྒྱུན་ལས་བྱུང་བ་ལྟར་ན་ཕྱི་ལོ་ ༢༠༡༤ ལོར་བོད་ནས་ཁྱོན་སེར་སྐྱ་ ༡༢༠ ཙམ་འབྱོར་ཡོད་པ་དང་། དེའི་ནང་ནས་གྲྭ་བཙུན་ ༥༠ མ་ཟིན་ཙམ་དང་མི་སྐྱ་ ༧༠ ལྷག་དགོན་སྡེ་དང་སློབ་གྲྭ་ཁག་ཏུ་ཕྱིན་ཡོད་འདུག
དྷ་སའི་དྷོ་ལ་ཌར་རི་རྐེད་བར་དུ་ཁ་བས་གཡོགས་ཏེ་སྐྱ་བོར་གྱུར་ཞིང་རི་འདབས་སུ་ཆར་པ་ཤག་ཤག་འབབ་པའི་ཞོགས་པ་སྟེ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་འདི་གའི་གསར་འགོད་པ་ཆེད་དུ་གླ་འཁོར་ཞིག་ལ་བསྡད་དེ།
དྷོ་ལ་རི་བོའི་འགྲོས་ཀྱི་གཞུང་ལམ་ཀྱ་ཀྱུ་བརྒྱུད་དེ་དབུས་སྣེ་ལེན་ཁང་དུ་ཕྱིན་པ་ཡིན། དྷ་རམ་ས་ལའི་འཁོར་ཡུག་འདི་ནམ་རྒྱུན་རི་མགོར་ཁ་བས་གཡོག་ཀྱང་རི་སྐེད་ཤིང་ནགས་ལ་གཡུ་ལོ་བཀྲ་བ་དང་། རི་འདབས་ཀྱི་ཆུ་འགྲམ་ཞིང་ཁ་སོགས་ལྗང་ནེམ་མེར་དུས་བཞིར་གནས་པ་ལྟར། དབུས་སྣེ་ལེན་ཁང་དེའང་ཤིང་སྡོང་རེ་ཟུང་དང་རྒྱ་གར་གྲོང་གསེབ་པའི་ཞིང་ཁའི་བར་ན་དབེན་པའི་རི་ཁྲོད་ཀྱི་སྒོམ་ཆེན་པ་ཞིག་དང་འདྲ་བར་ཁུ་སིམ་མེར་ཁང་རྩེག་དག་གིས་ཁེར་རྐྱང་གི་སུན་སྣང་བྱེད་ཀྱིན་ཡོད་པ་དང་གཉིས་སུ་མ་མཆིས།
སྣེ་ལེན་ཁང་གི་སྒོ་ཆེན་འགྲམ་དུ་གླ་འཁོར་བསྒུག་ཏུ་བཅུག་སྟེ་ཐད་ཀར་སྣེ་ལེན་དབུ་འཛིན་ནོར་བུ་བཀྲ་ཤིས་ལགས་ཀྱི་ཡིག་ཚང་དུ་བཅར་བ་ཡིན། དབུ་འཛིན་ལགས་ཀྱིས་འགན་འཛིན་གཞོན་པ་པདྨ་གཡུ་སྒྲོན་ལགས་སྐད་བཏང་སྟེ། གསར་འགོད་པས་ཁོང་རྣམ་གཉིས་ལ་འདི་ལོར་བོད་ནས་སེར་སྐྱ་ག་ཚོད་འབྱོར་ཡོད་པ་དང་། སྣེ་ལེན་ཁང་བརྒྱུད་དེ་ཕྱིར་བོད་དུ་ལོག་མཁན་ག་ཚོད་བྱུང་ཡོད་མེད་སོགས་ལ་བཅར་འདྲི་ཞུས་པའི་ལན་དུ། ཁོང་གཉིས་སུ་ལ་འབྲེལ་བ་ཆགས་པ་རེས་མོས་ལྟར་ངོ་སྤྲོད་གནང་སོང་
ཕྱི་ལོ་ ༢༠༡༣ ལོར་ཁྱོན་བོད་ནས་སེར་སྐྱ་ ༡༥༠ ཙམ་འབྱོར་ཡོད་པ་དང་། ༢༠༡༤ ལོར་སེར་སྐྱ་ ༡༢༠ ལྷག་ཙམ་འབྱོར་ཡོད་ལ། དེའི་ནང་ནས་བརྒྱ་ཆ་ ༨༠ ཙམ་གྲྭ་བཙུན་དང་། བརྒྱ་ཆ་ ༢༠ ཙམ་མི་སྐྱ་ཡིན་འདུག དབུས་སྣེ་ལེན་ཁང་གི་གོ་སྒྲིག་འོག་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་རྒྱ་གར་གྱི་སྐྱབས་བཅོལ་ལག་དེབ་བཟོས་རྗེས་སོ་སོའི་འདོད་མོས་ལྟར། གྲྭ་བཙུན་ ༥༠ ཡས་མས་དགོན་སྡེ་ཁག་ཏུ་བཏང་བ་དང་། རང་ལོ་ ༣༥ མན་གྱི་མི་ ༧༠ མ་ཟིན་ཙམ་སློབ་གྲྭ་ཁག་ཏུ་འཛུལ་ཡོད་འདུག གཞན། དྷ་ས་སོགས་སུ་རང་དགར་འདུག་མཁན་ ༢༠ མ་ཟིན་ཙམ་བྱུང་ཡོད་པ་དང་། བདེ་ལེགས་སྨན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་འདི་ལོར་བོད་ནས་འབྱོར་བའི་མཆིན་པའི་གཉན་ཚད་ཅན་ ༡༥ ཙམ་བྱུང་ཡོད་འདུག གཞན་ཡང་། སྣེ་ལེན་ཁང་གི་ལམ་གྲོན་བླངས་ཏེ་བོད་དུ་ལོག་གི་ཡིན་ཟེར་མཁན་ ༢༠ ཙམ་བྱུང་ཡོད་འདུག
འགན་འཛིན་གཞོན་པ་པདྨ་གཡུ་སྒྲོན་ལགས་ཀྱིས་བོད་ནས་འབྱོར་བའི་དྷ་ས་སོགས་སུ་གཏན་སྡོད་བྱེད་མཁན་ཚོར་འཚོ་སྣོན་དུ་མི་རེར་ཧིན་སྒོར་ ༢༠༠༠༠ རེ་སྤྲོད་ཀྱི་ཡོད་སྐོར་ཁོང་མོས། ལོ་ཚད་ལ་ཆ་བཞག་ན་རང་ལོ་ ༡༨ ལོན་པ་ཚོ་གསོག་སྒར་དང་། དེ་ལས་ཆུང་བ་ཚོ་སུ་ཇ་སོགས་སློབ་གྲྭ་ཁག་ཏུ་གཏོང་གི་ཡོད་པ་དང་། རང་ལོ་ ༣༥ བརྒལ་ཚར་བ་ཚོ་སོ་སོའི་འདོད་མོས་ལྟར་དྷ་ས་སོགས་སུ་སྡོད་ཀྱི་འདུག ད་ལོར་དྷ་ས་སོགས་སུ་སྡོད་མཁན་ ༢༠ མ་ཟིན་ཞིག་བྱུང་བ་དང་། དེ་ཚོའི་ནང་དུ་ལོ་ ༣༥ བརྒལ་བ་དང་། ཡང་ན་རང་ལོ་ ༣༥ བརྒལ་མེད་ཀྱང་བྱིས་པ་དང་བཟའ་ཚང་ཡོད་པའི་དབང་གིས་དྷ་ས་ཁུལ་དུ་གཏན་སྡོད་བྱས་པའང་འདུག་སྟབས། ཁོང་ཚོ་ཚང་མར་དབུས་བོད་མིའི་སྒྲིག་འཛུགས་ནས་མི་རེར་ཧིན་སྒོར་ཁྲི་ ༢ རེ་འཚོ་སྣོན་དུ་སྤྲད་ཡོད་པ་རེད། ཡིན་ནའང་། བྱིས་པ་དང་བཟའ་ཚང་གང་ཡང་མེད་ཅིང་། རང་ལོ་ ༣༥ བརྒལ་མེད་ཀྱང་སློབ་གྲྭར་འགྲོ་རྒྱུ་མིན་ཟེར་མཁན་ཚོར་ང་ཚོས་སྒོར་མོ་འདི་སྤྲོད་ཀྱི་ཡོད་པ་མ་རེད། ཅེས་བརྗོད་བྱུང་
བོད་ནས་གསར་དུ་འབྱོར་བ་ཚོར་སྨན་ཁང་གིས་བརྟག་དཔྱད་བྱེད་སྐབས་ནད་རྟགས་གཙོ་བོ་ག་རེ་ཐོན་ཡོད་པ་དང་། ཨེ་ཙི་ནད་པ་སོགས་བྱུང་ཡོད་མེད་དྲིས་པར་ཁོང་མོས། བོད་ནས་འབྱོར་བ་ཚོ་སྣེ་ལེན་ཁང་དུ་བསླེབ་པ་དང་འགྲོ་སོང་ཆ་ཚང་བཏང་སྟེ། བདེ་ལེགས་སྨན་ཁང་དུ་གཟུགས་པོར་བརྟག་དཔྱད་བྱེད་དུ་བཅུག་ཡོད་པ་དང་། ཨེ་ཙི་དང་མཆིན་པའི་གཉན་ཚད་སོགས་ཀྱི་ནད་རྟགས་བྱུང་ན་སྣེ་ལེན་ཁང་དུ་བསྡད་ཡུན་རིང་སྨན་བཅོས་བྱས་ཡོད་པ་དང་། ཕྱིས་སུ་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་ཕྱིན་རྗེས། ང་ཚོས་ནད་གཞི་གཞིར་བཟུང་གིས་ཡིག་ཆ་བཟོས་ཏེ་ཁོངས་སོ་སོའི་སྨན་ཁང་ནས་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་གྱི་ཡོད་པ་རེད། ཅེས་ངོ་སྤྲོད་གནང་སོང་
ཡང་ཁོང་ལ་བོད་ནས་ཡོང་མཁན་ཚོའི་འཕྲོད་བསྟེན་གནས་སྟངས་བྱེ་བྲག་གིས་བྲིས་པར་ཁོང་གིས། བོད་ནས་ཡོང་མཁན་ཚོའི་ནང་མཆིན་པའི་གཉན་ཚད་ཅན་(Habitats B positive)མང་ཤོས་ཆགས་འདུག བོད་ནས་ཚོགས་ཁག་ཚོགས་ཁག་བྱས་ནས་ཡོང་གི་ཡོད་པ་ལྟར། ཚོགས་ཁག་རེ་རེའི་ནང་མཆིན་པའི་གཉན་ཚན་ཅན་ཞིག་ཡོད་ཤག་རེད་འདུག དཔེར་ན། ཕྱི་ལོ་ ༢༠༡༤ ལོ་ལྟ་བུར་མཚོན་ན་མཆིན་པའི་གཉན་ཚད་ཅན་མི་གྲངས་ ༡༥ ཙམ་བྱུང་སོང་། སྤྱིར་བཏང་རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་དང་འཚོ་བའི་ཆ་རྐྱེན་ཡར་རྒྱས་ཞེ་དྲག་ཕྱིན་ཡོད་ཅེས་བརྗོད་ཀྱི་ཡོད་ཀྱང་། བོད་ཁུལ་དུ་ད་ལྟའང་སྨན་བཅོས་ཀྱི་མཐུན་རྐྱེན་ཡག་པོ་མེད་པ་དང་འཕྲོད་བསྟེན་འདུ་ཤེས་ཅུང་ཞན་པའི་རྐྱེན་གྱིས་ཡིན་ངེས་རེད་བསམ་གྱི་འདུག
སྨན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་འགོས་ནད་རིགས་ཀྱི་ནད་རྟགས་མ་ཐོན་པ་ཚོར་སྔོན་འགོག་གི་ཁབ་བརྒྱབ་སྟེ། ང་ཚོས་ཁོངས་སོ་སོའི་སྨན་ཁང་དུ་སྨན་པའི་བརྟག་དཔྱད་ཡིག་ཆ་རྩིས་སྤྲད་ཡོད། དེ་མིན། འདས་པའི་ལོ་གཉིས་ཀྱི་ནང་ཨེ་ཙི་ནད་རྟགས་ཅན་གྱི་གྲྭ་པ་གཅིག་བྱུང་བ་དང་། ཕྱིས་སུ་སྨན་ཁང་གིས་ཁོང་ལ་ཨེ་ཙི་ཇི་ལྟར་འགོས་པ་ཡིན་བརྟག་དཔྱད་བྱེད་སྐབས། ཁོའི་གཟུགས་པོའི་སྟེང་དུ་ཁབ་གཙགས་རི་མོ་ཞིག་བརྐོས་ཡོད་པ་དང་། རི་མོ་དེ་བརྐོ་སྐབས་ཁབ་གཙང་མ་མེད་པར་འགོས་པ་ཞིག་རེད་འདུག ཅེས་བརྗོད་བྱུང་
འདས་ལོར་སྣེ་ལེན་ཁང་བརྒྱུད་དེ་བོད་ནང་དུ་ལོག་མཁན་ག་ཚོད་བྱུང་ཡོད་དྲིས་པར། བོད་དུ་ལོག་མཁན་ཚོར་སྣེ་ལེན་ཁང་དབུས་ས་ནས་ལམ་གྲོན་དང་གྱོན་གོས་སྤྲོད་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ལོར་སྣེ་ལེན་ཁང་དུ་ཡོང་སྟེ་ལམ་གྲོན་བླངས་ནས་བོད་དུ་ལོག་འགྲོ་བ་ཡིན་ཟེར་མཁན་ ༢༠ ཙམ་བྱུང་སོང་། ཡིན་ནའང་། དེ་ཚོ་ཚང་མ་བོད་དུ་ལོག་ཡོད་མེད་ཧ་གོ་ཐུབ་ཀྱི་མི་འདུག གང་ལྟར་ང་ཚོས་དྷ་ས་ནས་ལྡི་ལི་བར་དུ་ཧིན་སྒོར་ ༤༥༠ དང་། ལྡི་ལི་ནས་བལ་ཡུལ་བར་ཧིན་སྒོར་ ༡༩༠༠། བལ་ཡུལ་ནས་གྱོན་གོས་ལ་ཧིན་སྒོར་ ༢༠༠༠ ལྷག་དང་། བོད་ནང་གི་ས་ཐག་རིང་ཤོས་ཏེ་མདོ་སྨད་ཁུལ་དུ་འགྲོ་མཁན་ཞིག་ཡིན་ན། ལམ་གྲོན་དུ་ཧིན་སྒོར་ ༥༠༠༠ མ་ཟིན་ཙམ་སྤྲོད་ཀྱི་ཡོད་པ་བཅས་ཆ་སྙོམས་ཀྱིས་མི་རེར་སྒོར་ ༨༠༠༠ ཙམ་སྤྲོད་ཀྱི་ཡོད་ལ། ང་ཚོས་ད་ལྟ་ལམ་གྲོན་འཕར་སྣོན་གཏོང་བར་གྲོས་བསྡུར་བྱེད་བཞིན་པ་ཡིན། ཞེས་སོགས་ངོ་སྤྲོད་གནང་བྱུང་
གསར་འགོད་པ། པདྨ་མཚོ།
དུས་བབ་དྲ་བ་ནས།