མི་མང་པོ་ཡོད་ས་ནས་སྐད་ཆ་བཤད་དགོས་དུས། དང་པོ་རྔམ་སྐྲག་ཡོང་གི་འདུག ཡིན་ན་ཡང་དེ་ཚོ་ཉམས་མྱོང་ཞིག་རེད་བསམ་གྱི་ཡོད་ཅེས། ཅོན་ཏ་ར་སམབྷོ་ཊའི་སློབ་མ་ཀུན་དགའ་འཆི་མེད་ཀྱིས་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པའི་སྟེང་གསར་འགོད་པར་བརྗོད་བྱུང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢ ཉིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་། རྒྱ་བལ་གཉིས་ཀྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་༣༠༢ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པ་དེ་འཚོགས་ཡོད་པ་དང་། ཕྱི་ཚེས་༥ ཉིན་འདི་གའི་གསར་འགོད་པ་ཆེད་དུ་ཟབ་སྦྱོང་སར་བཅར་ཏེ་སློབ་ཕྲུག་ཚོར་ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་བའི་ཐད་ནས་བཅར་འདྲི་བྱས་ཡོད།
བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་མ་ཟླ་བ་ནོར་བུར། ད་ཐེངས་ཀྱི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་དེས་ཕན་ཐོགས་ག་འདྲ་བྱུང་སོང་ཞེས་དྲིས་པར། ཁོང་གིས་ང་རང་གི་བསམ་པར་ཟབ་སྦྱོང་འདི་དངོས་གནས་ཕན་ཐོགས་ཆེན་པོ་འདུག ང་ཚོར་ཆ་བཞག་ན་བལ་ཡུལ་ནས་ཡོང་ཡིན། ནམ་རྒྱུན་འདི་ལྟ་བུའི་ཟབ་སྦྱོང་ལ་འགྲོ་རྒྱུའི་གོ་སྐབས་དཀོན་པོ་རེད། དེར་བརྟེན་ད་རེས་འདིར་ང་ཚོ་མཉམ་ཞུགས་གནང་རྒྱུ་རག་པ་དེ་གོ་སྐབས་བཟང་པོ་ཞིག་རེད། གང་ཡིན་ཟེར་ན་འདིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པས། སྲི་ཞུ་བ་མང་པོ་ཞིག་ཡོང་སྟེ་འགོ་ཁྲིད་ནུས་པ་སྐྱེད་སྲིང་དང་འབྲེལ་བའི་ཐོག་གསུང་བཤད་དང་ལམ་སྟོན་གནང་གི་ཡོད་རེད། དེར་བརྟེན་གནད་དོན་དེ་དག་གི་ཐོག་སྔར་མ་ཤེས་པའི་ཤེས་བྱ་གསར་པ་མང་པོ་ཞིག་ཤེས་སོང་ཞེས་བརྗོད་བྱུང་།
ཅོན་ཏ་ར་སམབྷོ་ཊའི་སློབ་མ་ཀུན་དགའ་འཆི་མེད་ཀྱིས། ཟབ་སྦྱོང་འདིར་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་ཡོང་ཐབས་དང་། དེ་བཞིན་དབུ་མའི་ལམ། ཤེས་རིག་ལས་ཁུངས་སོགས་ཀྱི་སྐོིར་ནས་ཤེས་བྱ་གསར་པ་མང་པོ་ཞིག་ཤེས་སོང་། ཡང་ཁ་རྩང་སློབ་ཕྲུག་ཚོས་སློབ་གྲྭ་སོ་སོའི་གནས་སྟངས་ངོ་སྤྲོད་བྱས་སོང་། མི་མང་པོ་ཡོད་ས་ནས་སྐད་ཆ་བཤད་དགོས་དུས། དང་པོ་རྔམ་སྐྲག་ཡོང་གི་འདུག ཡིན་ན་ཡང་དེ་ཚོ་ཉམས་མྱོང་ཞིག་རེད་བསམ་གྱི་ཡོད། དེར་བརྟེན་ཟབ་སྦྱོང་ཡག་པོ་འདུག ང་རང་ལ་མཚོན་ན་མ་འོངས་པར་འགོ་ཁྲིད་ཚད་ལྡན་ཞིག་ཡོང་བའི་རེ་བ་དང་དམིགས་ཡུལ་བཟུང་ཡོད། སྤྱིར་བཏང་ང་རང་སྨན་པ་བྱ་རྒྱུའི་དམིགས་ཡུལ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
བལ་ཡུལ་སྲོང་བཙན་སློབ་གྲྭའི་སློབ་མ་ཉི་མ་རྒྱལ་མཚན་ལ། ཟབ་སྦྱོང་འདི་བརྒྱུད་ནས་ཁྱེད་རང་ལ་མ་འོངས་པར་འགོ་ཁྲིད་བྱེད་ཐུབ་པའི་ཡིད་ཆེས་དང་སྤོབས་པ་ག་ཚོད་ཅིག་སླེབས་སོང་ཞེས་དྲིས་པར། ཁོང་གིས་ང་རང་སློབ་གྲྭར་ཡོད་དུས་དེབ་ནང་གི་ཤེས་བྱ་ཙམ་ལས་གཞན་མང་པོ་ཞིག་ཤེས་ཐུབ་ཀྱི་མི་འདུག ཡིན་ན་ཡང་ད་རེས་ཟབ་སྦྱོང་འདིར་ཡོང་ནས་བོད་མིའི་སྒྲིག་འཛུགས་དང་། མ་འོངས་པར་འགོ་ཁྲིད་བྱེད་ཕྱོགས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཤེས་སོང་། སྤྱིར་བཏང་ང་རང་ཧི་མ་ལ་ཡའི་མི་རིགས་ཤིག་ཡིན་པ་གང་ཞིག་ལ། བོད་མི་རིགས་ལ་ཤ་ཞེན་དང་། ལྷག་པར་དུ་བོད་ཡིག་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན། དེར་བརྟེན་ཟབ་སྦྱོང་འདི་ངའི་དམིགས་ཡུལ་དང་འབྲེལ་བ་ཆེན་པོ་འདུག ང་རང་གིས་མ་འོངས་པར་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་པ་ཞིག་བཙུགས་ཏེ། ཚོགས་པ་དེའི་འགན་འཛིན་བྱེད་བསམ་གྱི་ཡོད། ད་རེས་འདིར་ཡོང་ནས་འགོ་ཁྲིད་བྱེད་ཕྱོགས་དང་འབྲེལ་བའི་ཐད་ནས་སྐད་ཆ་གསར་པ་མང་པོ་ཞིག་ཤེས་སོང་། དེར་བརྟེན་སྔར་ལས་ལྷག་ཡིད་ཆེས་དང་སྤོབས་པ་ཆེ་རུ་འགྲོ་སོང་ཞེས་བརྗོད་བྱུང་།
བལ་ཡུལ་སྲོང་བཙན་སློབ་གྲྭའི་སློབ་མ་བསྟན་འཛིན་འཛོམས་པས། ཟབ་སྦྱོང་འདིར་ཡོང་ནས་སྔར་མ་ཤེས་པའི་ཤེས་བྱ་གསར་པ་མང་པོ་ཞིག་ཤེས་སོང་ལ། ལྷག་པར་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཤེས་སོང་། སྤྱིར་བཏང་ང་རང་གི་དམིགས་ཡུལ་མ་འོངས་པར་སྨན་པ་བྱ་རྒྱུ་དེ་རེད། དེར་བརྟེན་ངའི་སློབ་ཚན་དགའ་ཤོས་དེ་ཚན་རིག་ཡིན། འོན་ཀྱང་ཟབ་སྦྱོང་འདིར་ཡོང་ནས་ཕན་ཐོགས་ཆེན་པོ་བྱུང་སོང་། བརྗོད་གཞི་དང་འབྲེལ་བ་གཅིག་པུ་མ་ཡིན་པར་༧གོང་ས་མཆོག་གི་གཟིམ་ཆུང་དང་། ཚོགས་པ་ཁག་ལ་བལྟ་སྐོར་ལ་འགྲོ་རྒྱུའི་གོ་སྐབས་རག་སོང་། ནམ་རྒྱུན་ཡིན་ན་ང་ཚོ་དྷ་ས་དང་ཁ་ཐག་རིང་པོ་ཡིན་པར་བརྟེན། དེ་འདྲའི་གོ་སྐབས་ཡོད་མ་རེད། ཁ་རྩང་དེ་ཚོར་བལྟ་སྐོར་ལ་འགྲོ་དུས་སེམས་པ་ཧ་ཅང་སྐྱིད་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་མ་ཚེ་རིང་ལ། ཁྱེད་རང་ཟབ་སྦྱོང་འདིར་ཡོང་དགོས་པའི་དམིགས་ཡུལ་གང་ཡིན་ཞེས་དྲིས་པར། ཁོང་གིས་ད་རེས་ཀྱི་ཟབ་སྦྱོང་དེ་མ་འོངས་པར་འགོ་ཁྲིད་ཡག་པོ་ཡོང་ཆེད་གོ་སྒྲིག་བྱས་ཡོད་རེད། ང་རང་གིས་དེའི་སྐོར་གྱི་གནད་དོན་མང་པོ་ཞིག་ཤེས་རྒྱུའི་དམིགས་ཡུལ་བཟུང་ནས་ཡོང་བ་ཡིན། འདིར་གཏམ་བཤད་པ་མང་པོས་བརྗོད་གཞི་དེའི་ཐོག་གསུང་བཤད་གནང་གི་ཡོད་རེད་ལ། དེ་བཞིན་དྷ་སའི་ཉེ་འཁོར་གྱི་བོད་མིའི་ཚོགས་སྡེ་ཁག་ཏུ་ཡང་གཟིགས་སྐོར་ལ་ཁྲིད་ཡོད་རེད། དེར་བརྟེན་ང་རང་གི་དམིགས་ཡུལ་ནང་བཞིན་ཟབ་སྦྱོང་འདིར་སྔར་མ་ཤེས་པའི་ཤེས་བྱ་མང་པོ་ཞིག་ཤེས་སོང་ལ། དེ་བཞིན་སྔར་གནད་དོན་གང་ཞིག་ཤེས་ཀྱང་ངེས་ཤེས་བརྟན་པོ་མེད་པའི་རིགས་ལ་ངེས་ཤེས་བརྟན་པོ་རག་སོང་ཞེས་བརྗོད་བྱུང་།
བལ་ཡུལ་པོཀ་ར་ནས་ཡིན་པའི་སློབ་མ་ལྷག་པ་དོན་གྲུབ་ཀྱིས། ཟབ་སྦྱོང་འདིར་ཐོག་མའི་ང་རང་གི་རེ་བ་དང་དམིགས་ཡུལ་ལས་ལྷག་པའི་ཕན་ཐོགས་བྱུང་། ད་རེས་སྲིད་སྐྱོང་གཙོས་པས་གཏམ་བཤད་པ་མང་པོ་ཞིག་ལ་དྲི་བ་གཏོང་རྒྱུའི་གོ་སྐབས་རག་སོང་། དེར་བརྟེན་དོགས་པ་མང་པོ་ཞིག་སེལ་སོང་ལ། དེ་བཞིན་འདིར་སློབ་གྲྭ་ཁག་མང་པོ་ཞིག་གི་སློབ་མ་འཛོམས་ཡོད་པར་བརྟེན། སློབ་གྲྭ་ཁག་གི་འགྲོ་སྟངས་དང་། སློབ་མའི་ཤེས་ཚད་སོགས་གནས་ཚུལ་མང་པོ་ཞིག་གསར་དུ་ཤེས་སོང་། ལྷག་པར་དུ་མི་གཞན་གྱི་མཉམ་འབྲེལ་བ་བྱེད་སྟངས་དང་། དབུ་མའི་ལམ་དེ་དག་གི་ཐོག་གཏམ་བཤད་གནང་བ་དེས་ཕན་ཐོགས་ཆེན་པོ་བྱུང་ཞེས་དང་། དེ་བཞིན་ཁོང་གིས་ད་ལྟ་ཁོ་རང་གི་སློབ་གྲྭའི་ནང་འཛིན་རིམ་༨ པ་ནས་༡༢ བར་སློབ་ཕྲུག་༢༠༠ ཙམ་ཡོད་པ་ལས། ༡༠༠ ལྷག་ཅིག་བལ་ཡུལ་གྱི་ཡུལ་མིའི་ཕྲུ་གུ་ཆགས་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།
ཟབ་སྦྱོང་དེར་ཉིན་གྲངས་༨ རིང་སྲིད་སྐྱོང་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་བཅས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་གཅིག་དང་། ཁྱད་ལས་མི་སྣ་མང་པོ་ཞིག་གིས་སློབ་ཕྲུག་ཚོར་བརྗོད་གཞི་མི་འདྲ་བ་ཁག་༡༩ ཙམ་གྱི་ཐོག་ཟབ་ཁྲིད་དང་། དེ་བཞིན་སློབ་ཕྲུག་ཕན་ཚུན་ངོ་སྤྲོད་ཀྱིས་མཚོན་ཤེས་ཡོན་དང་འབྲེལ་བའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད། གསར་འགོད་པ་བློ་བཟང་མཁྱེན་བརྩེ། བང་ཆེན་དྲ་བ་ནས།།
