རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ལག་ཤེས་རིན་ཐང་གི་སྤྱི་ཚོགས་གསར་པར་སྐྱོད་པའི་ལམ་བུ།

བོད་རང་གི་སྤྱི་ཚོགས་ལས་བརྒལ་ཏེ་དེང་གི་དཔེ་གསར་འཆར་འགོད་ཀྱི་རྒྱལ་སྤྱིའི་ཚོང་ལས་ཁྲོམ་རྭའི་ནང་སྟ་གོན་བྱེད་བཞིན་པའི་བོད་རིགས་བུ་མོ་འཆར་འགོད་པ་བསོད་ནམས་ཆོས་འཛོམས་ལགས་ཀྱིས་འཆར་འགོད་ཀྱི་ལས་ཀ་འདི་མེད་ན་ངའི་མི་ཚེ་སྟོང་སེང་སེང་ཞིག་ཆགས་འགྲོ་ས་རེད་ཟེར།

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འཆར་འགོད་པ་བསོད་ནམས་ཆོས་འཛོམས་ལགས་དབྱིན་ཡུལ་དུ་སྐྱེས་ཤིང་། བཞུགས་སྒར་དྷ་རམ་ས་ལའི་དྷ་ཤོད་བོད་ཁྱིམ་ནས་འཛིན་རིམ་ ༨ པའི་བར་སློབ་སྦྱོང་བྱས་པ་དང་། དེ་རྗེས་མ་སུ་རིར་(Woodstock School)ཞེས་པའི་ནང་འཛིན་རིམ་ ༡༢ བར་སློབ་སྦྱོང་བྱས་ཡོད་འདུག ཁོ་མོ་ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་པ་ལྟར་ཕྱིས་སུ་ཨ་རིའི་འཆར་འགོད་སློབ་ཆེན་ཞིག་ཏུ་ཅ་དངོས་བཟོ་འགོད་སྐོར་ལ་ཆེད་སྦྱོང་གནང་ཡོད་པ་དང་། སློབ་མཐར་ཕྱིན་རྗེས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མགྲོན་ཁང་དང་ཟ་ཁང་། འགྲེམས་སྟོན་ཁང་། དེ་བཞིན་ཅ་དངོས་གསར་བཟོ་བཅས་ཀྱི་འཆར་འགོད་པ་དང་རི་མོ་བ་བཅས་གནང་སྟེ། དེང་རབས་རི་མོའི་འབྲི་རྩལ་ལ་བརྟེན་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་མཛེས་རིས་ཁྱིམ་ཆས་དང་རྒྱན་གོས་སྣ་ཚོགས་བཟོ་བཀོད་བྱེད་བཞིན་ཡོད་པ་དང་། གཞན། བོད་དང་རྒྱ་གར་གཙོས་རྒྱལ་ཕྱི་ནང་གི་ཚོང་ལས་ཚོགས་པ་ཁག་ཅིག་ལའང་འཆར་འགོད་ཀྱི་ལས་ཀ་བྱས་མྱོང་ཡོད་འདུག
འདི་གའི་གསར་འགོད་པས་བསོད་ནམས་ཆོས་འཛོམས་ལགས་དང་གླེང་མོལ་བྱས་ཏེ། མོ་ཐོག་མར་རི་མོ་དང་འཆར་འགོད་ལ་སྤྲོ་སྣང་ཇི་ལྟར་བསླེབས་པ་དང་། བྱ་བ་དེར་དངོས་སུ་ཞུགས་ཏེ་ལས་ཀ་གང་འདྲ་བྱས་པ་བཅས་ཀྱི་སྐོར་དྲིས་པར། ཁོས་མོས་འདི་ལྟར་བརྗོད་བྱུང་། ངའི་ནང་དུ་རི་མོ་འབྲི་མཁན་མང་པོ་ཡོད་སྟབས་ང་རང་ཆུང་ཆུང་སྐབས་ནས་རི་མོ་འབྲི་རྒྱུར་དགའ་བོ་ཡོད། ང་ཆུང་དུས་ངའི་ཨ་མ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གི་གྲྭ་བ་འགར་བོད་ཀྱི་ས་ཁུལ་ཁག་གི་ཆས་གོས་མ་འདྲ་བ་གྱོན་པའི་བྱིས་པའི་རྩེད་ཆས་(Toy)བཟོ་བཅུག་པ་དང་། སྐབས་དེར་ངས་ཁོང་ཚོའི་བཟོ་སྟངས་ལ་ལྟ་ཞོར་དུ་ཚོན་གཏོང་བ་སོགས་ཀྱི་རོགས་པ་བྱས་པ་ཡིན། སྐབས་དེ་འདྲ་ཞིག་ནས་ངས་རི་མོ་འབྲི་མགོ་བཙུགས་པ་ཡིན། ཞེས་དང་། མོས་མུ་མཐུད་དུ་བརྗོད་དོན། སྤྱིར་བཏང་རིག་རྩལ་བ་ཞིག་ལ་མཚོན་ན་དངུལ་བཟོ་རྒྱུ་དེ་ཙམ་གྱིས་བརྟན་པོ་མེད་སྟབས། ངས་རི་མོ་སྦྱོང་བའི་ཞོར་དུ་འཆར་འགོད་ཆེད་ལས་ཐོག་སློབ་སྦྱོང་བྱས་ཏེ། ཨ་རིའི་སྐད་གྲགས་ཡོད་པའི་བཟོ་བཀོད་མཐོ་སློབ་(Fashion Develop Design College)ནང་འཛུལ་ཞུགས་ཏེ། ཇུས་བཀོད་ཆེད་ལས་བདམས་ཏེ་འཚེམ་བཟོ་དང་འཆར་འགོད་སོགས་ཀྱི་ཐད་སློབ་སྦྱོང་བྱས་པ་ཡིན། ཞེས་བརྗོད་བྱུང་
ཁོང་མོས་དཔེ་གསར་ཐོན་རྗེས་སྐོར་ངོ་སྤྲོད་གནང་དོན། དཔེ་གསར་ཐོན་རྫས་ནང་དུ་རིགས་གཉིས་ཡོད་པ་རེད། རིགས་གཅིག་ང་རང་ཚོའི་མགྲོན་ཁང་དང་ཟ་ཁང་སོགས་སུ་སྒྲིག་གི་ཡོད་པ་དང་། རིགས་གཅིག་ཕྱི་ལ་འཚོང་བཞིན་ཡོད་པ་རེད། ༢༠༡༡ ལོར་ངས་ནོར་གླིང་གསོལ་མགྲོན་ཁང་གི་ནང་ལོགས་ཆ་ཚང་བཟོ་བཀོད་བྱས་པ་ཡིན། ནོར་གླིང་གསོལ་མགྲོན་ཁང་དེ་ད་ལྟའི་གསེར་ཀོང་གི་ཁང་པ་ནང་བཞིན་ཁང་པའི་བཟོ་བཀོད་ཚང་མ་གཅིག་པ་འདྲ་བོ་ཡོད་པ་མ་རེད། ཁྱོན་ཁང་པ་༡༦ ནང་གི་བཟོ་བཀོད་ཚང་མ་ལོགས་ཀ་རེད། དཔེར་ན། ཁང་མིག་གཅིག་སྟག་གི་རི་མོ་ཅན་ཡིན་ན། ས་གདན་དང་ཉལ་ཆས། མདུན་ཅོག་སོགས་ནང་གི་ཅ་ལག་ཚང་མ་སྟག་གི་རི་མོ་ཅན་བཟོས་པར་བརྟེན། འཆར་འགོད་དེ་བརྒྱུད་ནས་ང་ལ་ཉམས་མྱོང་མང་པོ་རག་སོང་། ཞེས་སོགས་བརྗོད་བྱུང་
ད་ལྟའི་བར་དཔེ་གསར་ཐོན་རྫས་མང་པོ་ཇུས་འགོད་བྱས་པའི་ཁྲོད་ནས་མི་མང་པོས་དགའ་མོས་ཆེན་པོ་ཐོབ་པའི་ཐོན་རྫས་གང་ཡིན་དྲིས་པར། ཅ་དངོས་དཔེ་གསར་ཅན་ཕྱིར་ཚོང་གི་ཐད་ནས་བཤད་ན། དང་ཐོག་ང་ནོར་གླིང་དུ་བསླེབས་སྐབས་ཚོན་བྲིས་(Scream Painting)སྡེ་ཚན་ཆུང་ཆུང་དེ་སྒོ་རྒྱག་གྲབས་འདུག ངས་སྡེ་ཚན་དེ་གལ་ཆེན་པོར་མཐོང་སྟེ་སྒོ་མ་རྒྱག་རོགས་ཞུས་པ་ཡིན། ཚོན་བྲིས་ནི་དེང་དུས་ཀྱི་ཅ་ལག་དང་བེད་སྤྱོད་གཏོང་བསླ་བའི་རིགས་ཀྱི་ཐོག་བེད་སྤྱོད་གཏོང་ཆོག་ཆོག་ཡོད་པ་རེད། ག་ལེར་ངས་སྡེ་ཚན་དེ་ཡར་རྒྱས་བཏང་ནས་གྲུབ་ཆ་ཤིང་བརྐོས་དང་གོས་ཆེན་སོགས་མ་ཡིན་པའི་རྒྱུན་སྤྱོད་ཅ་དངོས་ཙག་ཙིག་རིགས་ཀྱི་ཐོག བོད་འབྲོག་པའི་རི་མོ་འདྲ་མིན་དང་སྲོག་ཆགས་སོགས་དཔར་ཏེ། བོད་རང་གི་རིག་གནས་སྒྱུ་རྩལ་ཁྱབ་བསྒྲགས་བྱུང་བ་དང་སྦྲགས་དངུལ་ཡང་ཡག་པོ་ཡོང་གི་འདུག ཅེས་བརྗོད་བྱུང་
ཁོ་མོས་མུ་མཐུད་དུ། ངའི་རི་མོ་མང་ཆེ་བ་བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པ་རྐྱང་རྐྱང་ཡིན། ཅ་དངོས་དེ་མཐོང་བ་ཙམ་གྱིས་བོད་པའི་ཅ་དངོས་ཤིག་རེད་བསམ་པའི་སེམས་ཚོར་སྤྲོད་ཐུབ་པ་གང་ཞིག་ལ། དེང་དུས་ཀྱི་མིའི་འདོད་བློ་དང་མཐུན་པ་རྐྱང་རྐྱང་ཡིན། ངས་བོད་དོན་ཆབ་སྲིད་ཀྱི་རི་མོ་འབྲི་ཡི་མེད། གང་ཡིན་ཟེར་ན། རིམ་པས་མི་མང་པོ་ཞིག་ཉོབ་འགྲོ་བ་རེད། དེ་ལས་བོད་རང་གི་རིག་གནས་རིན་ཐང་དང་མཛེས་པའི་ཁྱད་ཆོས་ཕྱིར་མངོན་ཐུབ་པ་ཡིན་ན་མིའི་ངོས་འཛིན་དང་དགའ་སྣང་འགུག་ཐུབ་ཀྱི་འདུག ཅེས་བརྗོད་བྱུང་
བསོད་ནམས་ཆོས་འཛོམས་ལགས་ཀྱིས་མོ་རང་བོད་ནང་ཡང་ཡང་འགྲོ་བཞིན་ཡོད་པའི་སྐོར་ངོ་སྤྲོད་གནང་དོན། ངའི་ནུ་མོའི་ནང་མི་ཚང་མ་དང་ཨ་མ་ལགས་སོགས་ཁྱིམ་མི་མང་ཆེ་བ་བོད་དུ་ཡོད་སྟབས། ང་བོད་ནང་ལོ་རེར་ཐེངས་གཉིས་རེ་འགྲོ་བཞིན་ཡོད། མ་འོངས་པར་ཐེངས་གསུམ་རེ་འགྲོ་ཐུབ་པའི་འཆར་གཞི་ཡོད། འགྲོ་ཐེངས་རེར་བདུན་ཕྲག་གསུམ་ཙམ་ལ་བསྡད་དེ། ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེ་འཁྲིས་ངེད་ཚང་གི་ནོར་ལྷ་ཚོང་གཉེར་ཁང་ཡོད། དེར་ནོར་གྱི་ཁུ་ལུ་སོགས་ཀྱི་ཅ་དངོས་དཔེ་གསར་དང་ལས་རྟགས་རིགས་བཟོ་བཀོད་བྱེད་ཀྱིན་ཡོད། དེའི་ཞོར་དུ་ས་གནས་ཀྱི་བོད་རིགས་ཚོར་ཅ་དངོས་དཔེ་གསར་བཟོ་སྟངས་སློབ་བཞིན་ཡོད། སྤྱིར་བཏང་ས་གནས་བོད་མི་ཚོས་དབུས་སྐད་དང་དབྱིན་སྐད་ཤེས་ཀྱི་མེད་སྟབས་དཀའ་ངལ་ཏོག་ཙམ་འདུག་ཀྱང་། ངའི་ནུ་མོ་བདེ་ཆེན་གྱིས་ཁོང་ཚོར་དབྱིན་སྐད་སློབ་ཀྱི་ཡོད་སྟབས་རྒྱ་མི་ཚོ་དང་བསྡུར་ན་ཡག་པོ་འདུག ད་ལོའི་ཕྱི་ཟླ་བཞི་པ་ལྔ་པའི་ནང་ང་བོད་དུ་སོང་སྟེ་ལས་བཟོ་བ་ཚོར་དབུས་གཙང་ཕྱུ་བ་བཟོ་སྟངས་ཡག་པོ་ཞིག་བསླབ་དགོས་བསམ་ཡོད། གང་ཡིན་ཟེར་ན། མ་འོངས་པར་ལྷ་སར་ནོར་ལྷའི་ཚོང་ཁང་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད། ད་ལྟའི་ཆར་ནོར་ལྷ་ཚོང་གཉེར་ཁང་ནས་ཁུ་ལུ་སོགས་ཀྱིས་བཟོས་པའི་ཐོན་རྫས་མང་པོ་ཧྥ་རན་སི་དང་ཨ་རི། རྒྱ་ནག་བཅས་སུ་ཕྱིར་ཚོང་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་
མཇུག་ཏུ་ཁོ་མོས་རང་གི་ཆེད་ལས་ཐོག་བཟུང་བའི་ལྟ་ཚུལ་བརྗོད་དོན། མི་སུ་འདྲ་ཞིག་ཡིན་ནའང་སོ་སོའི་ལས་ཀར་སྤྲོ་སྣང་ཡོད་པའི་ཐོག རང་ཉིད་ཀྱི་སྤྱི་ཚོགས་ནང་ལས་ཀ་དེའི་ཐོག་ནས་ཞབས་འདེགས་བསྒྲུབ་ཐུབ་ན། རང་ཉིད་ཀྱི་འདོད་པ་མང་བ་ཁེངས་ཀྱི་འདུག ང་ཚོའི་སྤྱི་ཚོགས་ནང་འཆར་འགོད་ཆེད་ལས་དང་འབྲེལ་བའི་གལ་ཆེ་ཤོས་ཤིག་ནི་རང་རྐྱ་ཐུབ་པ་ཞིག་ཡོང་ཐབས་དགོས་རྒྱུ་དཔེ་གལ་ཆེན་པོ་རེད། ང་རང་འཆར་འགོད་ཀྱི་ལས་ཀ་འདིར་ཧ་ཅང་དགའ་བོ་ཡོད། ལས་ཀ་འདི་མེད་ན་ངའི་མི་ཚེའི་ནང་སྟོང་སེང་སེང་ཞིག་ཆགས་འགྲོ་ས་རེད་ཅེས་ཟེར།
གསར་འགོད་པ། པདྨ་མཚོ།
དུས་བབ་དྲ་བ་ནས།།