དེ་ རིང་ གངས་ སྐྱིད་ དུ་ གཞུང་ ཆེན་ རིགས་ གཅིག་ རྐང་ འཛིན་ ཐད་ ཚོགས་ འདུ་ ཞིག་ མགོ་ འཛུགས་ གནང་ བའི་ སྟེང་ ཆོས་ རིག་ བཀའ་ བློན་ མཆོག་ གིས་ གཞུང་ ཆེན་ རིགས་ གཅིག་ རྐང་ འཛིན་ པ་ ཚོ་ དཔལ་ ན་ ལེན་ ཌའི་ མཁས་ སྒྲུབ་ གཉིས་ ལྡན་ ལྟར་ འཛམ་ གླིང་ ཐོག་ གཙུག་ ཏུ་ བཀུར་ འོས་ ཀྱི་ མཁས་ པ་ ཆགས་ རྒྱུར་ འབད་ བརྩོན་ ཞུ་ བཞིན་ ཡོད་
དེ་ རིང་ སྔ་ དྲོའི་ ཆུ་ ཚོད་ ༩།༣༠ པའི་ སྟེང་ ། བོད་ མིའི་ སྒྲིག་ འཛུགས་ ཕྱི་ དྲིལ་ ལས་ ཁུངས་ ཀྱི་ ལྷག་ པ་ ཚེ་ རིང་ ཚོགས་ ཁང་ དུ། ཉིན་ གཉིས་ རིང་ གི་ ཆོས་ རིག་ ལས་ ཁུངས་ ཀྱི་ གོ་ སྒྲིག་ འོག་ གཞུང་ ཆེན་ རིགས་ གཅིག་ རྐང་ འཛིན་ གྱི་ མཁས་ པའི་ ཚོགས་ ཆུང་ གི་ ཚོགས་ འདུ་ ཐེངས་ གཉིས་ པ་ དེ་ མགོ་ འཛུགས་ གནང་ ཡོད་ ཅིང་ ། སྐུ་ མགྲོན་ གཙོ་ བོར་ ཆོས་ རིག་ བཀའ་ བློན་ པདྨ་ ཆོས་ འབྱོར་ མཆོག་ ཕེབས་ འདུག
ལྷན་ ཚོགས་ ཀྱི་ ཐོག་ མར་ ཆོས་ རིག་ དྲུང་ ཆེ་ དོན་ གྲུབ་ རྡོ་ རྗེ་ ལགས་ ཀྱིས་ ངོ་ སྤྲོད་ གནང་ བར། ང་ ཚོས་ ད་ ཐེངས་ ཚོགས་ འདུ་ འདིའི་ ནང་ གྲོས་ གཞི་ དོན་ ཚན་ ལྔ་ བཞག་ ཡོད་ པ་ དང་ ། གལ་ ཆེ་ ཤོས་ ཤིག་ ནི་ དེ་ སྔའི་ གཞུང་ ཆེན་ རིགས་ གཅིག་ རྐང་ འཛིན་ གྱི་ སྒྲིག་ གཞི་ ཁག་ ཅིག་ ལ་ བསྐྱར་ ཞིབ་ དང་ བསྐྱར་ བཅོས་ ཀྱི་ འཆར་ ཟིན་ ཞིག་ དེ་ རིང་ གི་ ཚོགས་ འདུའི་ ཐོག་ འབུལ་ རྒྱུ་ ཡིན་ སྟབས། དེའི་ དོན་ ཚན་ རེ་ རེ་ ཐོག་ བགྲོ་ གླེང་ དང་ གཏན་ འབེབས་ གནང་ དགོས།
ད་ ལྟ་ གཞུང་ ཆེན་ རིགས་ གཅིག་ རྐང་ འཛིན་ གྱི་ སློབ་ གཉེར་ སྐབས་ དང་ པོ་ དེ་ འགྲོ་ བཞིན་ ཡོད་ པ་ དང་ ། སྐབས་ གཉིས་ པ་ རིང་ མིན་ ཕྱི་ ཟླ་ ༤ ཚེས་ ༡ ཉིན་ ནས་ མགོ་ འཛུགས་ ཞུ་ རྒྱུ་ དང་ ། དེའི་ ནང་ འཚང་ སྙན་ འབུལ་ མཁན་ ༡༦ ཙམ་ བྱུང་ ཡོད་ སྟབས། ད་ ཐེངས་ མཁས་ པའི་ ཚོགས་ འདུ་ འདིའི་ ཐོག་ འདེམས་ སྒྲུག་ གནང་ དགོས་ པ་ ཆགས་ ཡོད། ཅེས་ སོགས་ ངོ་ སྤྲོད་ གནང་ སོང་ ། ད་ དུང་ ཁོང་ གིས། ལྷན་ ཚོགས་ ནང་ ཕེབས་ མཁན་ ཆོས་ བརྒྱུད་ ཁག་ གི་ མཁས་ དབང་ རྣམས་ པས་ གཞུང་ ཆེན་ རིགས་ གཅིག་ རྐང་ འཛིན་ གྱི་ ལས་ འཆར་ འདིར་ ལེགས་ སྤེལ་ ཉེས་ འགོག་ གི་ དགོངས་ འཆར་ ག་ རེ་ ཡོད་ ཀྱང་ ། ཚོགས་ ཆུང་ འདིའི་ ཐོག་ ལམ་ སྟོན་ གང་ བྱུང་ བ་ གཞིར་ བཞག་ ང་ ཚོས་ ལག་ བསྟར་ བྱ་ རྒྱུ་ ཡིན། ཞེས་ སོགས་ བརྗོད་ སོང་ །
དེའི་ རྗེས་ སྐུ་ མགྲོན་ གཙོ་ བོ་ ཆོས་ རིག་ བཀའ་ བློན་ མཆོག་ གིས། ང་ ཚོས་ གཞུང་ ཆེན་ རིགས་ གཅིག་ རྐང་ འཛིན་ གྱི་ ལས་ རིམ་ འདི་ ལོ་ གཅིག་ སྔོན་ ཙམ་ ནས་ མགོ་ འཛུགས་ བྱས་ ཏེ། སྒྲིག་ གཞི་ གཏན་ འབེབས་ ཀྱིས་ ད་ ལྟ་ འགྲོ་ བཞིན་ ཡོད་ པ་ མ་ ཟད། སྡེ་ ཚན་ དང་ པོའི་ ནང་ རིགས་ གཅིག་ རྐང་ འཛིན་ པ་ ༢༢ ཡོད་ ཁོངས་ ནས་ གཅིག་ གིས་ དགོངས་ པ་ ཞུས་ ཤུལ་ དུ་ གཞན་ ཚང་ མས་ ཉམས་ ཞིབ་ གནང་ བཞིན་ ཡོད་ སྟབས། ཆོས་ རིག་ ལས་ ཁུངས་ ངོས་ ནས་ ཁོང་ ཚོར་ གང་ ཐུབ་ ཅི་ ཐུབ་ བྱེད་ བཞིན་ ཡོད། ང་ ཚོའི་ ཆོས་ བརྒྱུད་ ཁག་ ལ་ དགེ་ བཤེས་ ལྷ་ རམས་ པ་ དང་ ། མཁན་ པོ་ དང་ སློབ་ དཔོན་ ཟེར་ བ་ སོགས་ ཀྱི་ ཐ་ སྙད་ འདྲ་ མིན་ ཞིག་ ཡོད་ པ་ རེད། ང་ ཚོས་ དགེ་ བཤེས་ ལྷ་ རམས་ པ་ དང་ འབུམ་ རམས་ པ་ (Phd) གཅིག་ མཚུངས་ ཡིན་ པར་ ངོས་ འཛིན་ བྱེད་ ཀྱི་ ཡོད་ ཀྱང་ ། ངས་ དེ་ འདྲ་ མ་ རེད་ བསམ་ གྱི་ འདུག ངས་ ད་ ལྟ་ ང་ ཚོས་ གནང་ བཞིན་ པའི་ གཞུང་ ཆེན་ རིགས་ གཅིག་ རྐང་ འཛིན་ འདི་ འབུམ་ རམས་ པ་ རེད་ བསམ་ གྱི་ འདུག དགེ་ བཤེས་ ལྷ་ རམས་ པ་ ནི་ གཞུང་ ཆེན་ བཀའ་ པོད་ ལྔ་ ལ་ གཟིགས་ ནས་ དེའི་ ཐོག་ རྒྱུགས་ འཕྲོད་ པ་ ཞིག་ ལ་ ཟེར་ གྱི་ ཡོད། རིགས་ གཅིག་ རྐང་ འཛིན་ ཟེར་ བ་ དེ་ གཞུང་ ཆེན་ བཀའ་ པོད་ ལྔའི་ ཁྲོད་ ནས་ གཞུང་ ཆེན་ གཅིག་ ཐོག་ སློབ་ གཉེར་ གནང་ ནས་ མཁས་ པ་ གཙུག་ ཏུ་ བཀུར་ བ་ ཞིག་ ཆགས་ ཐུབ་ པ་ ཞིག་ དགོས་ ཀྱི་ ཡོད་ སྟབས། ངས་ ཐ་ སྙད་ འདོགས་ སྟངས་ ཐད་ མ་ འོངས་ པར་ བཀའ་ བསྡུར་ དང་ ཐུགས་ ཞིབ་ གནང་ དགོས་ ཀྱི་ འདུག་ བསམ་ གྱི་ ཡོད། ཅེས་ སོགས་ གསུངས་ སོང་ །
ང་ ཚོས་ གཞུང་ ཆེན་ རིགས་ གཅིག་ རྐང་ འཛིན་ གནང་ མཁན་ དག་ དཔལ་ ན་ ལེན་ ཌའི་ མཁས་ སྒྲུབ་ གཉིས་ ལྡན་ གྱི་ སྐྱེས་ བུ་ ལྟར། འཛམ་ གླིང་ འདིའི་ སྟེང་ གཙུག་ ཏུ་ བཀུར་ འོས་ ཀྱི་ མཁས་ པ་ ཆགས་ རྒྱུར་ རེ་ བ་ དང་ འབད་ བརྩོན་ ཞུ་ བཞིན་ ཡོད། དེ་ ཆགས་ རྒྱུའི་ མཐུན་ རྐྱེན་ དེ་ ད་ ཐེངས་ མཁས་ པའི་ ཚོགས་ ཆུང་ ཐོག་ བཀའ་ བསྡུར་ གནང་ སྟེ། མཁས་ དབང་ ཚོས་ སྒྲིག་ གཞི་ སྒྲིག་ འཛུགས་ གཏན་ འབེབས་ དང་ ། རིགས་ གཅིག་ རྐང་ འཛིན་ གནང་ མཁན་ ཚོས་ རྩོམ་ ཡིག་ བྲིས་ པ་ དག་ ལ་ ཉམས་ ཞིབ་ གནང་ རྒྱུ་ དུས་ སྐབས་ འདིར་ གལ་ ཆེན་ པོ་ ཆགས་ ཡོད་ པ་ མ་ ཟད། མ་ འོངས་ པར་ ཁོ་ ཚོ་ གང་ འདྲ་ ཆགས་ མིན་ ནི་ ད་ ཐེངས་ ལྷན་ ཚོགས་ ཐོག་ ཕེབས་ པའི་ མཁས་ པ་ ཚོར་ རག་ ལས་ ཡོད། ཅེས་ གསུངས་ སོང་ །
ཡང་ ཆོས་ རིག་ བཀའ་ བློན་ མཆོག་ གིས་ དགེ་ བཤེས་ མའི་ བསླབ་ པ་ སློབ་ གཉེར་ བྱེད་ ཕྱོགས་ དང་ མ་ འོངས་ པའི་ འཆར་ སྣང་ ཐོག་ གསུངས་ དོན། ༢༠༡༡ ལོར་ ཆོས་ བརྒྱུད་ ཁག་ གི་ དབུ་ བླ་ ལྷན་ རྒྱས་ ཀྱི་ ཚོགས་ འདུ་ ཚོགས་ སྐབས། བཙུན་ མ་ ཚོས་ དགེ་ བཤེས་ མ་ གཏོང་ རྒྱུའི་ ཐོག་ ལ་ བཀའ་ བསྡུར་ རབ་ དང་ རིམ་ པ་ མང་ པོ་ བྱུང་ ཡོད་ པ་ རེད། དགེ་ བཤེས་ མ་ གཏོང་ རྒྱུ་ དེ་ ཆོས་ བརྒྱུད་ གཞན་ ལ་ དཀའ་ ངལ་ མེད་ ཀྱང་ ། དགེ་ ལུགས་ པར་ དཀའ་ ངལ་ འབྱུང་ གི་ ཡོད་ སྟབས། ང་ ཚོས་ དགེ་ བཤེས་ ལྷ་ རམས་ པ་ མང་ པོ་ གདན་ འདྲེན་ ཞུས་ ཏེ། མཁས་ པའི་ ཚོགས་ ཆུང་ བཙུགས་ ནས་ ཉིན་ གཉིས་ གསུམ་ རིང་ སྒྲིག་ གཞི་ གཏན་ འབེབས་ མགོ་ འཛུགས་ ཞུས་ ཏེ། དང་ ཐོག་ ཡིག་ ཚད་ གཏོང་ མཁན་ ༢༧ ཙམ་ བྱུང་ ཡོད་ པ་ ལས་ གཉིས་ ཀྱིས་ རྒྱུགས་ འཕྲོད་ མེད་ པ་ དང་ ཨང་ དང་ པོ་ གསུམ་ བྱུང་ ཡོད། ཅེས་ གསུངས་ སོང་ །
ཁོང་ གིས་ མུ་ མཐུད་ དུ། བཙུན་ མ་ ཚོས་ ལོ་ ༡༧ རིང་ གཞུང་ ཆེན་ ཁག་ ལ་ གཟིགས་ ཏེ། ལོ་ རེར་ ཆ་ སྙོམས་ བརྒྱ་ ཆ་ ༦༥ རག་ དགོས་ པ་ དང་ ། དེའི་ རྗེས་ གཞུང་ ཆེན་ ཁག་ ལ་ ལོ་ ༤ ལ་ གཟིགས་ ཏེ་ མཐའ་ མ་ དགེ་ བཤེས་ མའི་ ལག་ འཁྱེར་ སྤྲོད་ ཀྱི་ ཡོད་ པ་ རེད། ད་ ལྟ་ ལོ་ གཉིས་ ཙམ་ འགྲོ་ བཞིན་ ཡོད་ པ་ དང་ དེའི་ ནང་ དགེ་ བཤེས་ མ་ ཉི་ ཤུ་ རྩ་ གཉིས་ རྩ་ གསུམ་ ཙམ་ ཞིག་ ཡོད་ པ་ རེད། བཙུན་ མ་ ཚོས་ ང་ ཚོ་ བུད་ མེད་ རེད་ བསམ་ ནས་ དམིགས་ བསལ་ གང་ ཡང་ མ་ གནང་ རོགས། ང་ ཚོས་ སློབ་ གཉེར་ བྱས་ ཏེ་ རྒྱུགས་ བཏང་ ནས་ ལག་ འཁྱེར་ རག་ ཐབས་ བྱེད་ ཀྱི་ ཡིན་ གསུངས་ སོང་ ། ངས་ དེ་ རླབས་ ཆེན་ ཞིག་ དང་ གཟི་ བརྗིད་ ཅིག་ རེད་ བསམ་ གྱི་ འདུག ༢༠༡༦ ལོར་ གཞུང་ ཆེན་ རིགས་ གཅིག་ རྐང་ འཛིན་ པ་ ༢༠ ལྷག་ དང་ ། བོད་ ཀྱི་ ལོ་ རྒྱུས་ ནང་ བྱུང་ མྱོང་ མེད་ པའི་ དགེ་ བཤེས་ མ་ ༢༠ ལྷག་ ཐོན་ གྱི་ ཡོད་ སྟབས། ང་ ཚོས་ མ་ འོངས་ པར་ རིགས་ གཅིག་ རྐང་ འཛིན་ ཐོན་ མཁན་ དག་ ཚད་ དང་ ལྡན་ པ་ ཞིག་ ཡོང་ རྒྱུ་ དེ་ གལ་ ཆེན་ དོན་ ཆེན་ དུ་ བརྩི་ བཞིན་ ཡོད། ཞེས་ སོགས་ གསུངས་ སོང་ །
ཉིན་ གཉིས་ རིང་ གི་ བགྲོ་ གླེང་ ཐོག་ གྲོས་ གཞི་ དོན་ ཚན་ ༥ ཡོད་ པ་ དག་ ནི། ༢༠༡༣ ཟླ་ ༡༡ ནང་ བསྐྱངས་ པའི་ ཚོགས་ འདུ་ དང་ པོའི་ གྲོས་ ཆོད་ ཐོག་ བསྐྱར་ ཞིབ་ གནང་ རྒྱུ་ དང་ ། ཆོས་ རིག་ ལས་ ཁུངས་ ནས་ རགས་ ཟིན་ དུ་ ཕུལ་ བའི་ གཞིང་ ཆེན་ རིགས་ གཅིག་ རྐང་ འཛིན་ ལས་ རིམ་ གྱི་ སྒྲིག་ གཞིའི་ ཐོག་ བསྐྱར་ ཞིབ་ བཀའ་ བསྡུར་ གྱིས་ གཏན་ འབེབས་ གནང་ རྒྱུ། གསར་ དུ་ གཏན་ འབེབས་ ཞུས་ པའི་ སྒྲིག་ གཞིའི་ དགོངས་ དོན་ མཁས་ པའི་ ཚོགས་ ཆུང་ གི་ ཚོགས་ གཙོ་ འོས་ འདེམས་ གནང་ རྒྱུ། གསར་ དུ་ གཏན་ འབེབས་ ཞུས་ པའི་ སྒྲིག་ གཞིའི་ དགོངས་ དོན་ ༢༠༡༥ དང་ ༢༠༡༦ ནས་ ༢༠༡༨ དང་ ༢༠༡༩ བར་ གྱི་ གཞུང་ ཆེན་ རིགས་ གཅིག་ རྐང་ འཛིན་ པ་ འདེམས་ སྒྲུག་ གནང་ རྒྱུ། དེ་ མིན་ འབྲེལ་ ཆགས་ གནད་ དོན་ ཐོག་ བཀའ་ བསྡུར་ གནང་ རྒྱུ་ བཅས་ ཡིན་ འདུག ཅེས་ འཁོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།
