དེང་ སྐབས་ བརྒྱུད་ ལམ་ ཁག་ ཏུ་ རྒྱ་ ཡིག་ དང་ དབྱིན་ ཡིག་ སོགས་ ལས་ རྩོམ་ ཡིག་ དང་ གསར་ འགྱུར་ མང་ པོ་ ཞིག་ བོད་ བསྒྱུར་ བྱེད་ ཀྱིན་ ཡོད་ སྟབས། གསར་ འགོད་ པས་ ཤེས་ རིག་ ལས་ ཁུངས་ ཀྱི་ བརྡ་ ཆད་ གཏན་ འབེབས་ ཚན་ པའི་ འགན་ འཛིན་ ཀརྨ་ སྨོན་ ལམ་ ལགས་ སུ་ ད་ ལྟའི་ བོད་ སྐད་ ཡིག་ དང་ ལོ་ ཙཱའི་ གནས་ སྟངས་ སྐོར་ བཅར་ འདྲི་ ཞུས།
དྲི་ བ། དེང་ སྐབས་ བོད་ ཕྱི་ ནང་ གཉིས་ སུ་ སྐད་ ཡིག་ ཉམས་ ཆག་ ཏུ་ འགྲོ་ བཞིན་ འདུག་ ཟེར་ ནས་ སྐད་ རྒྱག་ གི་ ཡོད་ ཀྱང་ ། རྩ་ བའི་ བོད་ ཡིག་ གི་ ཡིག་ རྨོངས་ སེལ་ ཚད་ ཀྱི་ གྲངས་ འབོར་ སྔར་ ལས་ ཡག་ ཏུ་ ཕྱིན་ ཡོད་ པ་ རེད། སྐད་ ཡིག་ ཉམས་ ཆག་ དེ་ གཙོ་ བོ་ གང་ ལ་ ངོས་ འཛིན་ གནང་ དགོས་ པ་ དང་ ། སྐད་ བསྲེ་ ལྷད་ ཅན་ རིགས་ འགོག་ ཐབས་ གང་ འདྲ་ ཡོད་ དམ།
ལན། ལོ་ ལྔ་ བཅུ་ དྲུག་ བཅུའི་ སྔོན་ དང་ བསྡུར་ ན་ ད་ ལྟ་ བོད་ ཕྱི་ གཉིས་ སུ་ བོད་ ཡིག་ གི་ ཡིག་ རྨོངས་ གང་ འཚམ་ སེལ་ ཡོད་ ལ། གྲངས་ ཚད་ ཀྱང་ འཕེལ་ རྒྱས་ ཕྱིན་ ཡོད་ པ་ མ་ ཟད། ལྷག་ པར་ དུ་ བཙན་ བྱོལ་ ནང་ ཡིག་ རྨོངས་ མེད་ པར་ ངོས་ འཛིན་ བྱས་ ན་ འགྲིག་ གི་ ཡོད་ ཀྱང་ ། བོད་ སྐད་ བོད་ ཡིག་ ཉམས་ ཆག་ འགྲོ་ གི་ འདུག་ ཟེར་ དོན་ གཙོ་ བོ་ དེ། གཅིག ད་ ལྟའི་ ང་ ཚོའི་ ཆབ་ སྲིད་ ཀྱི་ གནས་ སྟངས་ དང་ ། གཉིས། བོད་ རིགས་ རྣམས་ གཞིས་ བྱེས་ གཉིས་ སུ་ ཁ་ གྱེས་ ཡོད་ པ་ མ་ ཟད། ཕྱི་ ཕྱོགས་ སུ་ ཡོད་ པ་ དག་ ཀྱང་ ཡུལ་ གྲུ་ མང་ པོ་ ཞིག་ ནང་ ཁ་ ཐོར་ ནས་ བསྡད་ ཡོད་ སྟབས། སྐད་ ཡིག་ དང་ སྤྱི་ ཚོགས། དངོས་ པོའི་ དཔལ་ ཡོན་ སོགས་ ཀྱིས་ གནོན་ ཤུགས་ དང་ ཤུགས་ རྐྱེན་ འོག་ སོ་ སོའི་ སྐད་ ཡིག་ བེད་ སྤྱོད་ གཏོང་ ས་ མེད་ པ་ དང་ ། བེད་ སྤྱོད་ གཏོང་ ས་ ཡོད་ ཀྱང་ དངོས་ པོ་ གསར་ པ་ མང་ པོ་ ཞིག་ ལ་ བོད་ པའི་ མིང་ བཏགས་ ཐུབ་ མེད་ སྟབས། ཁྲོམ་ རའི་ ནང་ མིང་ ག་ རེ་ ཡོད་ ཀྱང་ ཚུར་ ཁ་ ཐུག་ ལེན་ དགོས་ པར་ བརྟེན། བོད་ ཡིག་ ཉམས་ ཆག་ འགྲོ་ གི་ ཡོད་ པའི་ སེམས་ ཁྲལ་ དང་ མཐོང་ ཚུལ་ ཞིག་ ཡོང་ གི་ ཡོད་ པ་ དང་ ། དེ་ མིན་ བོད་ སྐད་ ཡིན་ པ་ གང་ ཞིག་ ལ་ བརྡ་ སྤྲོད་ དང་ མ་ མཐུན་ པའམ་ ཡང་ ན་ འགའ་ ཞིག་ ལ་ སྐད་ ཡིག་ གཞན་ གྱིས་ ཤུགས་ རྐྱེན་ ཐེབས་ ཏེ། སྐད་ ཡིག་ དེའི་ བཤད་ སྟངས་ བོད་ སྐད་ ནང་ འཁྱེར་ ཏེ་ ཚིག་ སྦྱོར་ འཁྲུག་ པ་ སོགས་ སྲོལ་ རྒྱུན་ དང་ མ་ མཐུན་ པ་ དེ་ འདྲ་ བྱུང་ ནས་ ཉམས་ ཆག་ འགྲོ་ བཞིན་ ཡོད། ང་ ཚོའི་ ཆོས་ རིག་ སོགས་ ལ་ ཡོན་ ཏན་ ཡོད་ མཁན་ ཚོས་ ཚུར་ ཚིག་ ཅིག་ ལེན་ སྐབས། ཚིག་ དེ་ ལ་ བོད་ སྐད་ ཅིག་ ཡོད་ སྲིད་ པ་ མ་ ཟད། བོད་ སྐད་ ཐོག་ ལབ་ དགོས་ པ་ རེད་ དྲན་ ནས་ བེད་ སྤྱོད་ བཏང་ ན་ ཡག་ པོ་ ཡོད་ རེད་ མ་ གཏོགས། དེ་ མིན་ དབྱིན་ སྐད་ དང་ རྒྱ་ སྐད། ཧིན་ སྐད་ དང་ འཇར་ མན་ སྐད། ཧྥ་ རན་ སི་ སྐད་ སོགས་ ནང་ བསམ་ ཚོད་ དང་ ལས་ སླ་ བཅོས་ བྱས་ ནས་ དོ་ སྣང་ མ་ སྤྲད་ པར་ བརྗོད་ རྐྱང་ བྱས་ ཚེ། སྐད་ ཡིག་ གཞན་ ནས་ བོད་ སྐད་ ནང་ ཟུར་ ཆག་ པ་ དེ་ དག་ ཕ་ ས་ བུ་ རྒྱུད་ ནས་ སོ་ སོའི་ སྐད་ ཡིན་ བསམ་ པའི་ འདུ་ ཤེས་ འཛིན་ ཏེ། མ་ འོངས་ པར་ བོད་ སྐད་ བོད་ ཡིག་ ཉམས་ ཆག་ འགྲོ་ རྒྱུར་ ཉེན་ ཁ་ ཡོད།
དྲི་ བ། དེང་ སྐབས་ བོད་ ཕྱི་ ནང་ གཉིས་ སུ་ སྐད་ ཡིག་ སྲུང་ སྐྱོབ་ ཀྱི་ ལས་ འགུལ་ ཞིག་ ཚ་ ཚ་ འུར་ འུར་ གྱིས་ སྤེལ་ བཞིན་ ཡོད་ པ་ དེ་ བཟང་ ཕྱོགས་ ཀྱི་ འགྱུར་ བ་ ཞིག་ རེད། འདིའི་ ཐད་ ལམ་ སྟོན་ ཟེར་ ན་ འདྲ། དགོངས་ འཆར་ གསར་ པ་ དེ་ འདྲ་ ཡོད་ དམ།
ལན། དེང་ སང་ གོ་ སྐབས་ ཡོད་ ཚད་ ལ་ བོད་ ནང་ སེམས་ འཁུར་ དང་ འབད་ བརྩོན་ གནང་ མཁན་ ཡོད་ ལ། རང་ དབང་ ལུང་ པར་ ཡོད་ མཁན་ ཚོས་ ཀྱང་ གནང་ གི་ ཡོད་ པ་ རེད། མང་ པོ་ ཞིག་ གིས་ བྱེད་ དགོས་ འདུག་ གསུངས་ མཁན་ ཡོད་ ཀྱང་ ངས་ བྱེད་ རྒྱུ་ ཡིན་ ཟེར་ མཁན་ ཉུང་ ཉུང་ རེད། ཡིན་ ནའང་ ང་ ཚོས་ ཨ་ ཕའི་ ཕོར་ པར་ ཞེན་ ཁོག་ བྱས་ ཏེ་ སྐད་ ཡིག་ ལ་ ཤ་ ཚ་ བྱས་ ནས་ ལས་ འགུལ་ རྩོམ་ དགོས་ སྟབས། ཕུགས་ རྒྱང་ རིང་ པོ་ དང་ རྒྱ་ ཆེ་ སར་ བསམ་ བློ་ གཏོང་ དགོས་ པའི་ གནད་ འགག་ དེ་ ཤེས་ རྒྱུ་ གལ་ ཆེན་ པོ་ རེད། ཁ་ ཤས་ ལ་ སེམས་ ཤུགས་ ཡོད་ པ་ ལྟར་ དཀའ་ ལས་ ཀྱང་ མང་ པོ་ བརྒྱབ་ སྟེ། ཚད་ གཞི་ གང་ འཚམ་ ཞིག་ ཏུ་ སླེབ་ སྐབས་ ཡར་ འཛེགས་ རྒྱུའི་ བསམ་ བློ་ བརླག་ པའི་ ཉེན་ ཁ་ ཡོད་ པ་ རེད། དེ་ ནས་ གཞོན་ སྐྱེས་ ཚོར་ བོད་ ཡིག་ སློབ་ ཁྲིད་ བྱ་ རྒྱུར་ གོ་ སྐབས་ དང་ ཁོར་ ཡུག་ གསར་ པ་ བསྐྲུན་ ཏེ། ཕྱི་ རབས་ པ་ ཚོས་ བོད་ སྐད་ ཡག་ པོ་ འཆད་ ཐུབ་ པ་ བཟོ་ དགོས་ པ་ རེད་ བསམ་ གྱི་ འདུག
དྲི་ བ། ད་ ཆར་ རྒྱ་ ནག་ དང་ ཕྱི་ རྒྱལ་ ལྟ་ བུར་ མཚོན་ ན་ ཞེ་ ས་ རྒྱག་ མིན་ དེ་ ཤེས་ ཡོན་ ཡོད་ མེད་ ཀྱི་ ཁྱད་ པར་ ཞིག་ རེད། བོད་ པའི་ སྤྱི་ ཚོགས་ ནང་ ཞེ་ ས་ མང་ པོ་ བརྒྱབ་ ན་ སྐུ་ དྲག་ གི་ སྣང་ བརྙན་ དང་ ། ཡང་ ན། གོ་ རིམ་ (གྲལ་ རིམ་ )གྱི་ ཁྱད་ པར་ ཞིག་ སྟོན་ གྱི་ ཡོད་ སྟབས། འདི་ བོད་ པའི་ ཞེ་ སའི་ ནང་ དོན་ གྱི་ ཁྱད་ པར་ རེད་ དམ། ཡང་ ན་ སྤྱི་ ཚོགས་ ཀྱི་ འདུ་ ཤེས་ འཛིན་ སྟངས་ ཤིག་ རེད།
ལན། ངས་ བལྟས་ ན་ དེ་ བག་ ཆགས་ ངན་ པ་ རེད་ བསམ་ གྱི་ མི་ འདུག སྔ་ རབས་ ལོ་ རྒྱུས་ ཐོག་ བལྟས་ ན་ འཇིག་ རྟེན་ ཡ་ རབས་ ཀྱི་ སྤྱོད་ པ་ བྱེད་ དགོས་ ཀྱི་ ཡོད་ པ་ མ་ ཟད། ལུས་ ངག་ ཡིད་ གསུམ་ གྱི་ སྤྱོད་ པ་ བྱེད་ དགོས་ སྟབས། ངག་ གི་ སྤྱོད་ ལམ་ ནི་ གཞན་ ལ་ ཚིག་ སྨྲ་ སྐབས་ འཇམ་ པོ་ དང་ ཞེ་ ས་ ཡོད་ པ། གུས་ ཞབས་ ཡོད་ པའི་ ཐོག་ ནས་ བཤད་ དགོས་ པ་ ནི་ འཇིག་ རྟེན་ ཡ་ རབས་ ཀྱི་ སྤྱོད་ ཚུལ་ ཞིག་ རེད། བོད་ ཆོལ་ ཁ་ གསུམ་ གྱི་ ཆ་ ཤས་ འགའ་ ཤིག་ ལ་ ཞེ་ ས་ རྒྱག་ རྒྱུའི་ ལུགས་ སྲོལ་ མེད་ སྟབས། བར་ སྐབས་ ཤིག་ ལ་ ཁ་ ཤས་ ཀྱིས་ ཞེ་ ས་ ཟེར་ བ་ དེ་ ལྷ་ ས་ དང་ སྐུ་ དྲག་ ལ་ འབྲེལ་ བ་ ཡོད་ པ་ མ་ གཏོགས་ དགོས་ པ་ མ་ རེད་ ཟེར་ ནས་ བསམ་ ཚུལ་ ཤོད་ མཁན་ དེ་ འདྲ་ ཡོད། ང་ ཚོས་ མི་ ལ་ ཞེ་ སའི་ ཚད་ གང་ འདྲ་ ཞིག་ ཞུ་ དགོས་ མིན་ ཐད་ རྩོད་ པ་ ཡོང་ སྲིད་ པ་ ཞིག་ ཡིན་ ཡང་ ། ང་ ཚོའི་ བཀའ་ དང་ བསྟན་ ཆོས་ ནང་ ལའང་ ཞེ་ ཚིག་ མང་ པོ་ ཡོད་ པ་ མ་ ཟད། སྔོན་ བྱོན་ ལོ་ ཙཱ་ བ་ ཚོས་ བསྒྱུར་ སྐབས་ བོད་ སྐད་ ནང་ ཞེ་ ཚིག་ ཟེར་ བ་ དེར་ བེད་ སྤྱོད་ ཡོད་ པ་ དང་ ། དགོས་ པ་ རྒྱུ་ མཚན་ ཡོད་ པ་ ཞིག་ ལ་ མཐོང་ སྟེ་ བཀོལ་ སྤྱོད་ བཏང་ བ་ རེད་ བསམ་ གྱི་ འདུག ད་ ལྟ་ ཞེ་ ཚིག་ ལབ་ ཚེ་ དེ་ སྐུ་ དྲག་ གི་ གཤིས་ ཀ་ དང་ གྲལ་ རིམ་ གྱི་ ངོ་ བོ་ མཚོན་ གྱི་ ཡོད་ དམ་ ལབ་ དགོས་ དོན་ ནི། ང་ ཚོའི་ བསམ་ བློ་ གཏོང་ ཕྱོགས་ དེ་ རྒྱ་ ཆུང་ དྲགས་ པའམ་ གུ་ དོག་ དྲགས་ པ་ རེད་ བསམ་ གྱི་ འདུག ང་ ཚོས་ ཞེ་ ཚིག་ ཞུ་ མི་ དགོས་ པ་ ཞིག་ ལ་ ཞུས་ ན་ དགོད་ བྲོ་ བོ་ ཆགས་ ཀྱི་ རེད་ མ་ གཏོགས་ གཞན་ བོད་ པ་ ཚང་ མས་ ཞེ་ ཚིག་ ཐོག་ ནས་ སྐད་ ཆ་ བཤད་ ཚེ། བོད་ སྐད་ བོད་ ཡིག་ ལ་ ཕན་ ལས་ གནོད་ ཡོད་ པ་ མ་ རེད། དབྱིན་ ཡིག་ ནང་ ཚིག་ སྦྱོར་ སྤེལ་ སྐབས་ ཞེ་ ཚིག་ མཚོན་ དོན་ བྱས་ པ་ ཙམ་ མ་ གཏོགས་ ཞེ་ ཚིག་ ཟེར་ བ་ དེ་ འདྲ་ མཐོང་ རྒྱུ་ མེད་ ཀྱང་ ། ཧིན་ སྐད་ སོགས་ སྐད་ ཡིག་ གཞན་ ནང་ ཞེ་ ས་ ཡག་ པོ་ ཡོད་ པ་ མ་ ཟད། ལྷག་ པར་ དུ་ ཉི་ ཧོང་ སྐད་ ཡིག་ ནང་ རང་ དང་ མཉམ་ པར་ ཞེ་ ས་ ཞུ་ རྒྱུ་ ཡོད་ པ་ དང་ ། གོང་ མ་ དང་ བླ་ མ། དཔོན་ པོ་ སོགས་ མཐོ་ རིམ་ དག་ ལ་ ཞེ་ ས་ ཞུ་ རྒྱུ་ ཡོད་ པ་ སོགས་ ཀྱི་ གོ་ རིམ་ མི་ འདྲ་ བ་ མང་ པོ་ ཡོད་ པ་ ཞིག་ རེད་ འདུག
དྲི་ བ། བཙན་ བྱོལ་ བོད་ མིའི་ ཚགས་ པར་ དང་ རླུང་ འཕྲིན། བརྙན་ འཕྲིན་ སོགས་ གསར་ འགྱུར་ བརྒྱུད་ ལམ་ ཁག་ གིས་ སྤྱི་ ཡོངས་ ནས་ སྐད་ ཆའི་ ཚིག་ སྦྱོར་ སྤེལ་ སྟངས་ དང་ ། བོད་ སྐད་ རང་ གི་ བརྡ་ དང་ ཐ་ སྙད་ རིགས་ བེད་ སྤྱོད་ གཏོང་ ཕྱོགས་ ཐོག་ དགོངས་ ཚུལ་ གང་ འདྲ་ ཡོད་ དམ།
ལན། ངས་ དེར་ རྒྱུ་ མཚན་ འདྲ་ པོ་ རིགས་ གཉིས་ ཞུ་ རྒྱུ་ ཡོད། དང་ པོ། ང་ ཚོར་ སྲོལ་ རྒྱུན་ ནས་ རྒྱ་ དཀར་ དང་ རྒྱ་ ནག བལ་ ཡུལ། འབྲས་ ལྗོངས། ཝ་ ར་ ན་ སི། སྒང་ ཏོག རྡོར་ གླིང་ སོགས་ བོད་ མིང་ ཡོད་ ཀྱང་ ། དེང་ སང་ ང་ ཚོས་ རྒྱ་ གར་ གྱི་ ས་ ཆ་ མང་ ཆེ་ བར་ རྒྱུས་ ཡོད་ སྟབས། རྒྱ་ གར་ སྐད་ ཐོག་ བརྗོད་ ཀྱང་ དཀའ་ ངལ་ གང་ ཡང་ འཕྲད་ ཀྱི་ མེད། སྔོན་ མ་ ཡིན་ ན་ བོད་ མི་ སྤྱི་ ཡོངས་ ཀྱིས་ རྒྱ་ གར་ ནི་ འཕགས་ པའི་ ཡུལ་ དང་ གཞོན་ ནུ་ དོན་ གྲུབ་ སངས་ རྒྱས་ ས། གནས་ བསྐོར་ ཡུལ་ སོགས་ ལས་ རྒྱུས་ གང་ ཡང་ མེད། རིམ་ པས་ བོད་ པའི་ ལོ་ ཙཱ་ བ་ དག་ རྒྱ་ གར་ ལ་ ཕྱིན་ ཏེ། ཁོ་ ཚོས་ དཔལ་ ན་ ལེན་ ཌའི་ མཁས་ པ་ དང་ ནང་ པའི་ གནས་ ཆེན་ ཁག་ རྒྱལ་ པོའི་ ཁབ་ དང་ ཡངས་ པ་ ཅན། བྱ་ རྒོད་ ཕུང་ པོའི་ རི་ དང་ རྩྭ་ མཆོག་ གྲོང་ ། མགོན་ པོ་ ཀླུ་ སྒྲུབ་ དང་ སངས་ རྒྱས་ བསྐྱངས། ཟླ་ བ་ གྲགས་ པ། ཞི་ བ་ འཚོ་ ཞེས་ དོན་ བསྒྱུར་ བྱས་ ནས་ བོད་ བསྒྱུར་ བྱས་ ཡོད་ སྟབས། བོད་ པ་ ཚོས་ ཁོ་ ཚོ་ བོད་ མི་ ཞིག་ དང་ ས་ ཆ་ དེ་ དག་ བོད་ པའི་ ས་ ཆ་ ཡིན་ བསམ་ པའི་ འདུ་ ཤེས་ ཤིག་ ཡོང་ གི་ ཡོད་ ཀྱང་ ། ཟླ་ བ་ གྲགས་ པ་ སུ་ རེད་ དམ་ ལབ་ ན་ རྒྱ་ གར་ ནང་ ཟླ་ བ་ གྲགས་ པ་ ཟེར་ བ་ དེ་ འདྲ་ བྱུང་ མེད་ སྟབས། རྒྱ་ གར་ གྱི་ མིང་ ཙཎྡ་ ཀཱིརྟི་ ཞེས་ པ་ དེ་ འཁྱེར་ ནས་ འཚོལ་ ཞིབ་ བྱས་ ན། གཞི་ ནས་ ཁོང་ ན་ ལེན་ ཌའི་ མཁས་ པ་ ཡིན་ པ་ ར་ སྤྲོད་ ཐུབ་ ཀྱི་ ཡོད་ སྟབས། ང་ ཚོས་ ལུང་ པ་ དང་ མི་ མིང་ གང་ ཡིན་ ཡང་ སྒྲ་ རང་ སོར་ འཇོག་ དགོས་ པ་ མ་ ཟད། དེ་ དང་ མཉམ་ དུ་ ཁྱད་ ཚིག་ དེ་ འདྲ་ འཇོག་ རྒྱུ་ གལ་ ཆེན་ པོ་ ཆགས་ ཡོད། དཔེར་ ན། ཟླ་ སྔོན་ མའི་ ཚེས་ ༢༦ ཉིན་ ཨོ་ བྷ་ མ་ རྒྱ་ གར་ གྱི་ སྐུ་ མགྲོན་ གཙོ་ བོར་ ཕེབས་ ཏེ་ གསར་ འགྱུར་ ཚ་ པོ་ ཆགས་ ཡོད་ སྟབས། དེ་ སྔ་ ང་ ཚོའི་ གསར་ ལམ་ ཁག་ གིས་ ཉིན་ མོ་ དེར་ རྒྱ་ གར་ དམངས་ གཙོའི་ ཉིན་ མོ་ ཞེས་ འབོད་ ཀྱི་ ཡོད་ ཀྱང་ ། དོན་ དངོས་ ཐོག་ རྒྱ་ གར་ དམངས་ གཙོའི་ ཉིན་ མོ་ དང་ ང་ ཚོའི་ ཟླ་ ༩ ཚེས་ ༢ ཉིན་ གྱི་ དམངས་ གཙོའི་ ཉིན་ མོ་ ལབ་ པ་ གཉིས་ ལ་ ཁྱད་ པར་ གང་ འདུག ང་ ཚོའི་ དེ་ དམངས་ གཙོའི་ སྐད་ ཆ་ ཡིན་ ཡང་ ། ཕར་ ཕྱོགས་ དེ་ སྤྱི་ མཐུན་ རྒྱལ་ ཁབ་ ཀྱི་ སྐད་ ཆ་ ཡིན་ སྟབས། ད་ ལོ་ གསར་ འགྱུར་ བརྒྱུད་ ཁ་ ཤས་ ཀྱིས་ རྒྱ་ གར་ སྤྱི་ མཐུན་ གྱི་ ཉིན་ མོ་ ཞེས་ བེད་ སྤྱོད་ བཏང་ འདུག་ ཀྱང་ ཁ་ ཤས་ ཀྱིས་ རྒྱ་ གར་ དམངས་ གཙོའི་ ཉིན་ མོ་ ཞེས་ རང་ འཇགས་ བེད་ སྤྱོད་ བཏང་ འདུག ང་ ཚོས་ རྒྱལ་ ཁབ་ ཀྱི་ མིང་ དེ་ བྱང་ ཀོ་ རི་ ཡ་ ཡིན་ ན་ སྒྲ་ རང་ སོར་ འཇོག་ རྒྱུ་ དང་ ། དེར་ (Democratic Republic) སོགས་ ཁྱད་ ཚིག་ ཡོད་ ན་ དེའི་ དོན་ དག་ བོད་ ཡིག་ ནང་ བསླེབ་ རྒྱུ་ གལ་ ཆེན་ པོ་ ཆགས་ ཡོད།
དྲི་ བ། དེང་ སྐབས་ དྲ་ རྒྱ་ དང་ ཚགས་ པར་ སོགས་ བརྒྱུད་ ལམ་ ཁག་ ཏུ་ སྐད་ ཡིག་ གཞན་ པའི་ ནང་ གི་ གནས་ ཚུལ་ དང་ ། རྩོམ་ རིགས་ མང་ པོ་ ཞིག་ བོད་ བསྒྱུར་ བྱས་ ཏེ་ ཡོང་ གི་ འདུག་ སྟབས། དེ་ དག་ ཁྲོད་ བརྡ་ དང་ ཐ་ སྙད་ རིགས་ སྒྲ་ བསྒྱུར་ དང་ དོན་ བསྒྱུར་ བྱེད་ ཕྱོགས་ ཐོག་ གཟིགས་ ཚུལ་ གང་ འདྲ་ ཡོད།
ལན། ང་ ཚོར་ སྔོན་ མ་ མེད་ པ་ ཞིག་ བོད་ བསྒྱུར་ བྱེད་ དགོས་ ཚེ། བསྒྱུར་ གཞི་ དེར་ བསམ་ བློ་ གཏོང་ དགོས་ རེད་ མ་ གཏོགས་ ཡོད་ ཚད་ ཀྱིས་ སྒྲ་ བསྒྱུར་ དང་ དོན་ བསྒྱུར་ བྱེད་ དགོས་ ལབ་ ན། རལ་ གྲི་ གནམ་ གཡུགས་ འདྲ་ པོ་ བྱས་ ནས་ བརྒྱ་ ཁ་ གཅིག་ གཅོད་ ཐོག་ འགྲོ་ སྲིད་ པ་ རེད། ང་ ཚོས་ བོད་ བསྒྱུར་ བྱེད་ སྐབས་ ཐ་ སྙད་ འདོགས་ རྒྱུ་ གཙོས་ སྐབས་ དོན་ དང་ ཚིག་ སྦྱོར་ སོགས་ མང་ པོ་ ཞིག་ ལ་ བསམ་ བློ་ བཏང་ སྟེ། མིང་ སོགས་ བོད་ བསྒྱུར་ མ་ བྱས་ པར་ སྒྲ་ རང་ སོར་ འཇོག་ དགོས་ མིན་ ཐད་ ཐབས་ ཤེས་ གང་ ཡོང་ བཙལ་ ཏེ། གདམ་ ཀ་ བྱེད་ དགོས་ པ་ ལས་ འདི་ ཡག་ པ་ དང་ སྡུག་ པ་ རེད་ ཟེར་ རྒྱུ་ མེད། ལྷག་ པར་ དུ་ མིང་ གསར་ པ་ འདོགས་ མཁན་ ཞིག་ ཡིན་ ན། སྒྲ་ བསྒྱུར་ དང་ དོན་ བསྒྱུར་ གང་ ཡིན་ ཡང་ འདོད་ རྒྱལ་ གྱི་ མིང་ ཞིག་ འདོགས་ ཐུབ་ ན་ སྟབས་ བདེ་ ཤོས་ རེད། ད་ ལྟ་ ང་ ཚོའི་ སྤྱི་ ཡོངས་ ཀྱི་ དཀའ་ ངལ་ དེ་ བོད་ བསྒྱུར་ བྱེད་ སྐབས་ དོན་ དག་ ཕར་ ཞོག ཀམ་ པུཊར་ སོགས་ མིང་ གཅིག་ འདོགས་ ཀྱི་ ཡོད་ ཀྱང་ ། དེའི་ ཕྱི་ ཕྱོགས་ ཀྱི་ བཟོ་ ལྟ་ དང་ ད་ ལྟ་ འཕྲུལ་ འཁོར་ དེས་ ལས་ ཀ་ ག་ རེ་ བྱེད་ ཀྱི་ ཡོད་ པ། དེ་ གང་ འདྲ་ བྱས་ ཏེ་ བྱུང་ བ་ སོགས་ མང་ པོ་ ཞིག་ ལ་ བསམ་ བློ་ བཏང་ སྟེ། གཞི་ ནས་ དེའི་ དོན་ དག་ གི་ འཆར་ སྣང་ འཁྱེར་ ནས་ དེར་ རྗེས་ གྲུབ་ ཀྱི་ མིང་ འདོགས་ ཀྱི་ ཡོད་ སྟབས། ངས་ ང་ ཚོར་ འདོད་ རྒྱལ་ གྱི་ མིང་ འདོགས་ རྒྱུའི་ གཤིས་ ཀའམ་ རིག་ རྩལ་ གྱི་ ཚད་ གཞི་ དམའ་ པོ་ ཡོད་ ས་ རེད་ བསམ་ གྱི་ འདུག སྔོན་ མ་ བསྐལ་ བ་ ཆགས་ སྐབས་ ས་ ཆུ་ མེ་ རླུང་ ། རྡོ་ ཞེས་ ལབ་ ཀྱི་ ཡོད་ པ་ ལྟར། ད་ ལྟ་ འགྲེལ་ བཤད་ རྒྱོབ་ ཟེར་ ན་ མཚན་ ཉིད་ འཇོག་ རྒྱུ་ ཡོད་ ཀྱང་ ། ས་ ལ་ གོ་ རྒྱུ་ ག་ རེ་ ཡོད་ དམ་ ཞེས་ ན་ གོ་ རྒྱུ་ གང་ ཡང་ མེད་ སྟབས། མ་ འོངས་ པར་ ང་ ཚོས་ དངོས་ པོ་ གསར་ པ་ ཞིག་ ལ་ འདོད་ རྒྱལ་ གྱི་ མིང་ བཏགས་ ཚེ། ཉིན་ ཞིག་ ལ་ མིང་ བརྒྱ་ ཕྲག་ ཁ་ ཤས་ བཏགས་ ཀྱང་ དཀའ་ ངལ་ འཕྲད་ ཀྱི་ མ་ རེད་ བསམ་ གྱི་ འདུག
དྲི་ བ། དེང་ རབས་ ཀྱི་ ཐ་ སྙད་ གསར་ པ་ བོད་ བསྒྱུར་ བྱེད་ ཕྱོགས་ ཐོག བོད་ ནང་ རྒྱ་ ཡིག་ རྒྱ་ སྐད་ ལ་ བསྟུན་ པའི་ སྒྱུར་ སྟངས་ ཤིག་ དང་ ། བཙན་ བྱོལ་ ནང་ དབྱིན་ ཡིག་ དབྱིན་ སྐད་ དང་ ། ཧིན་ རྡི་ སོགས་ ལ་ བསྟུན་ པའི་ སྒྱུར་ སྟངས་ ཤིག་ བཅས་ དངོས་ པོ་ གཅིག་ ལ་ སྒྱུར་ གཉིས་ གསུམ་ རེ་ ཡོང་ གི་ འདུག་ པ་ དེར་ དགེ་ སྐྱོན་ གང་ འདྲ་ མཐོང་ གི་ ཡོད།
ལན། ད་ ལྟ་ ཐ་ སྙད་ གཅིག་ འགྱུར་ དགོས་ ཟེར་ མཁན་ དང་ སེམས་ ཁྲལ་ བྱེད་ མཁན་ མང་ པོ་ ཡོད་ སྟབས། དང་ པོ། ང་ ཚོར་ ཐ་ སྙད་ གཅིག་ འགྱུར་ དགོས་ པ་ དེ་ ཛ་ དྲག་ ཆགས་ ཡོད་ ཚེ། དེར་ ཛ་ དྲག་ གི་ གདོང་ ལེན་ བྱེད་ དགོས་ པ་ ཞིག་ དང་ ། གལ་ སྲིད་ ཛ་ དྲག་ ཆགས་ མེད་ ན་ དངོས་ པོ་ གཅིག་ ལ་ ཐ་ སྙད་ གསུམ་ བཞི་ ག་ ཚོད་ ཡོད་ ཀྱང་ ། རིམ་ པས་ སྤྱི་ ཚོགས་ ནང་ ཁྱབ་ སྐབས་ གདམ་ ཀ་ ཞིག་ བྱས་ ཏེ། ལོ་ ཤས་ ཕྱིན་ རྗེས་ དེ་ དག་ ཁྲོད་ ནས་ རེ་ གཉིས་ ཤིག་ རང་ བཞིན་ གྱིས་ ཟེགས་ འགྲོ་ བ་ རེད། ངས་ ང་ ཚོར་ ལྷག་ འཕྲོས་ ནང་ ནས་ གདམ་ ཀ་ མང་ ཤོས་ བྱེད་ ཡུལ་ དང་ པོ་ དང་ གཉིས་ པ། གསུམ་ པ་ བཅས་ འདི་ ཡིན་ ཟེར་ ནས་ གཏན་ འབེབས་ བྱ་ རྒྱུ་ དང་ བསྒུག་ རྒྱུའི་ དུས་ ཚོད་ ཡོད་ ན། སྐད་ ཡིག་ གི་ འཕེལ་ རིམ་ རྗེས་ སུ་ འགྲོ་ དགོས་ པ་ ཆགས་ ཡོད། ད་ ལྟ་ ང་ ཚོ་ མང་ ཆེ་ བས་ སྒུག་ རྒྱུ་ མེད་ པ་ ཛ་ དྲག་ གནས་ སྟངས་ ཆགས་ ཡོད་ པའི་ འདུ་ ཤེས་ འཛིན་ གྱི་ ཡོད་ པ་ མ་ ཟད། བོད་ ཕྱི་ ནང་ གཉིས་ སུ་ གཅིག་ འགྱུར་ དགོས་ ཀྱི་ འདུག་ གསུང་ མཁན་ ཡོད་ པ་ མ་ ཟད། བསམ་ ཡོད་ སེམས་ ཤུགས་ ཅན་ མང་ པོ་ ཞིག་ གིས་ ཐབས་ ཤེས་ དང་ བསམ་ བློ་ བཏང་ སྟེ། ཐ་ སྙད་ མང་ པོ་ ཞིག་ བཟོས་ ནས་ ཁྲོམ་ རའི་ ནང་ འགྲེམས་ སྤེལ་ བྱས་ ཡོད་ ཀྱང་ ། གཅིག་ འོག་ གཅིག་ ཏུ་ མ་ བསྡུས་ པར་ གཅིག་ མཚུངས་ ཆགས་ རྒྱུ་ ཅུང་ དཀའ་ ལས་ ཁག་ པོ་ ཆགས་ ཡོད། ཡིན་ ཡང་ ། ད་ ལྟ་ བོད་ དང་ རྒྱ་ ནག་ ནང་ རྒྱ་ སྐད་ ཤེས་ མཁན་ མང་ པོ་ ཡོད་ པ་ མ་ ཟད། དབྱིན་ སྐད་ སོགས་ ཕྱི་ སྐད་ སྦྱོང་ རྒྱུར་ དང་ དོད་ གསར་ པ་ ཞིག་ སླེབ་ བཞིན་ ཡོད་ སྟབས། རྒྱ་ སྐད་ ནང་ འདི་ འདྲ་ ཞིག་ ལབ་ འདུག་ ཀྱང་ དབྱིན་ སྐད་ ནང་ འདི་ འདྲ་ ཞིག་ བཀོད་ འདུག་ ཟེར་ ནས་ ཐ་ སྙད་ གཅིག་ འགྱུར་ ཡོང་ ཐབས་ ལ་ འབད་ བརྩོན་ བྱེད་ སྲིད་ པ་ ཞིག་ རེད་ བསམ་ གྱི་ འདུག གལ་ སྲིད་ དེ་ ལམ་ ལྷོངས་ མ་ ཡོང་ ན། ད་ ལྟ་ བཙན་ བྱོལ་ ནང་ དབང་ ནུས་ ཡོད་ པའི་ ཐབས་ ཤེས་ དེ་ འདྲ་ བྱེད་ རྒྱུ་ ཁག་ པོ་ ཡིན་ ཡང་ ། གཏེ་ པོའི་ ནང་ གི་ གཟུགས་ བཟང་ ཞེས་ པའི་ དཔེ་ ལྟར་ མེད་ པ་ ལས་ དྲག་ ཙམ་ ཞིག བོད་ མིའི་ སྒྲིག་ འཛུགས་ ངོས་ ནས་ ཐ་ སྙད་ གཏན་ འབེབས་ ཀྱི་ ལས་ གཞི་ ཞིག་ འགྲོ་ བཞིན་ ཡོད་ པ་ དེ་ ལ་ རྒྱབ་ སྐྱོར་ བྱས་ ནས་ བེད་ སྤྱོད་ བཏང་ ན་ ཡག་ པོ་ ཡོད་ པ་ རེད་ བསམ་ གྱི་ འདུག ཡིན་ ནའང་ ད་ ལྟ་ ང་ ཚོའི་ སྒལ་ པར་ སྨྲ་ བརྗོད་ རང་ དབང་ སོགས་ རང་ དབང་ མང་ པོ་ ཞིག་ འཁུར་ ཡོད་ སྟབས། བཙན་ པོའི་ དུས་ སྐབས་ ལྟར་ གཞུང་ གིས་ བཀའ་ བསྒྲགས་ ནས་ ཐ་ སྙད་ གཏན་ འབེབས་ བྱ་ རྒྱུ་ ཁག་ པོ་ ཆགས་ ཡོད།
དྲི་ བ། དབྱིན་ སྐད་ དང་ རྒྱ་ སྐད་ སོགས་ ལས་ སྒྲ་ བསྒྱུར་ བྱེད་ སྐབས། བོད་ ཡིག་ རང་ གི་ མིང་ ཚིག་ བེད་ སྤྱོད་ གཏོང་ མཁན་ ཁག་ ཅིག་ དང་ ། མཐུག་ པོ་ ལྔ་ དང་ ། འོག་ ཏུ་ ཨ་ ཆུང་ དང་ ཝ་ ཟུར། ཡང་ ན་ ཡི་ གེ་ མང་ པོའི་ བར་ དུ་ ཚེག་ མེད་ པ་ སོགས་ ཅི་ རིགས་ ཡོང་ གི་ འདུག་ པའི་ ཐད་ དགོངས་ ཚུལ་ གང་ འདྲ་ ཡོད།
ལན། དེང་ སང་ ང་ ཚོས་ རྒྱལ་ སྤྱིའི་ སྐད་ ཡིག་ ཁག་ ལ་ ཁ་ གཏད་ གཅོག་ དགོས་ སྟབས། བོད་ ནང་ རྒྱ་ སྐད་ ནས་ བོད་ བསྒྱུར་ བྱས་ པ་ རེ་ ཟུང་ ཞིག་ ལ་ ཁས་ ལེན་ ཐུབ་ དཀའ་ བ་ འདུག་ མ་ གཏོགས། གཞན་ དཀའ་ ངལ་ ཞེ་ དྲགས་ མི་ འདུག བཙན་ བྱོལ་ ནང་ བོད་ བསྒྱུར་ བྱེད་ མཁན་ ཚོས་ ཉི་ ཧོང་ གི་ མི་ དང་ ས་ མིང་ བཅས་ ལ་ དབྱངས་ དང་ རྗེས་ འཇུག་ བརྒྱབ་ ནས་ སྒྲ་ བསྒྱུར་ བྱས་ ན་ འགྲིག་ གི་ ཡོད་ ཀྱང་ ། ད་ ལྟ་ ང་ ཚོར་ དཀའ་ ངལ་ འཕྲད་ ས་ གཙོ་ བོ་ དེ་ ཨུ་ རུ་ སུའི་ སྐད་ དང་ དབྱིན་ ཡིག ཧྥ་ རན་ སི་ སོགས་ ནུབ་ ཕྱོགས་ པའི་ སྐད་ ཡིག་ དག་ ནང་ ཡོད་ པའི་ སྲིད་ འཛིན་ དང་ སྲིད་ བློན་ གྱི་ མིང་ དང་ ས་ མིང་ སོགས་ རེད། དེ་ དག་ སྒྲ་ རང་ སོར་ མ་ བཞག་ པར་ གང་ བྱུང་ བསྒྱུར་ ན་ ཁྱད་ མཚར་ ཆགས་ ཀྱི་ རེད། རྒྱ་ གར་ སྐད་ ནང་ ཡི་ གེ་ གང་ ཡིན་ ཡང་ སྒྲ་ འགྱུར་ བྱེད་ རྒྱུ་ མེད་ སྟབས། བོད་ ཡིག་ ནང་ ལའང་ ཀློག་ སྟངས་ གཅིག་ འགྱུར་ ཡོད་ མེད་ ཀྱི་ ཁྱད་ པར་ ཡོད་ པ་ རེད་ མ་ གཏོགས། མང་ ཆེ་ བ་ ཧིན་ སྐད་ དང་ གཅིག་ པ་ ཆགས་ ཡོད་ སྟབས། ངས་ ང་ ཚོས་ བོད་ བསྒྱུར་ བྱེད་ སྐབས་ ཧིན་ སྐད་ ལྟར་ བསྒྱུར་ ན་ འགྲིག་ གི་ རེད་ བསམ་ གྱི་ འདུག ང་ ཚོས་ ཚེག་ ག་ པར་ རྒྱག་ དགོས་ མིན་ གྱི་ རིགས་ ལམ་ དང་ སྒྲ་ མ་ འཁྲུག་ པར། ཚེག་ འབྲི་ ས་ ཞིག་ ལ་ བྲིས་ ནས་ སྡེབ་ གཅིག་ གམ་ སྔགས་ ཡིག་ ལྟར་ བོད་ ཡིག་ ཐོག་ བྲིས་ ཀྱང་ སྒྲ་ དེ་ ཉམས་ ཀྱི་ མེད་ ཀྱང་ ། དེང་ སང་ མི་ མང་ པོ་ ཞིག་ གིས་ མིང་ ཚིག་ འོག་ ཏུ་ འ་ ཆུང་ དང་ ཝ་ ཟུར་ རྒྱག་ གི་ ཡོད་ པ་ དེ། ང་ ཚོས་ ལེགས་ སྦྱར་ སྐད་ བོད་ སྐད་ ནང་ བསྒྱུར་ སྐབས་ ལེགས་ སྦྱར་ སྐད་ ལ་ དབྱངས་ ༡༦ ཡོད་ ཀྱང་ བོད་ སྐད་ ལ་ ༤ ལས་ མེད་ སྟབས། ང་ ཚོས་ ལེགས་ སྦྱར་ ནང་ ཨི་ རིང་ ཐུང་ གཉིས་ ཡོད་ ཁོངས་ ནས་ རིང་ བ་ དེ་ སྟོན་ ཆེད་ མིང་ ཚིག་ འོག་ ཏུ་ འ་ ཆུང་ ཞིག་ རྒྱག་ གི་ ཡོད་ པ་ རེད། ང་ ཚོས་ ཨོ་ བྷ་ ཞེས་ པའི་ ཨོ་ འོག་ ཏུ་ འ་ ཆུང་ ཞིག་ བྲིས་ ན་ ཡག་ པོ་ མིན་ འགྲོ་ བསམ་ ནས་ འབྲི་ མཁན་ དེ་ འདྲ་ འདུག དེ་ གསར་ གཏོད་ ཡིན་ ན་ རྒྱུ་ མཚན་ ཞིག་ འཇོག་ དགོས་ རེད་ མ་ གཏོགས། ང་ ཚོའི་ སྲོལ་ རྒྱུན་ གཞིར་ བཞག་ བྱས་ ན་ གི་ གུ་ དང་ ཞབས་ ཀྱུ་ འགྲོ་ སར་ འ་ ཆུང་ བརྒྱབ་ ན་ འགྲིག་ གི་ ཡོད་ ཀྱང་ ། འགྲེང་ བུ་ དང་ ན་ རོ་ གཉིས་ ལ་ རིགས་ ལམ་ དང་ ཡིག་ གཟུགས་ གང་ ཐད་ ནས་ འགྲིག་ གི་ ཡོད་ པ་ མ་ རེད། ང་ ཚོས་ བྱུང་ ན་ སྲོལ་ རྒྱུན་ གྱི་ འབྲི་ སྲོལ་ གང་ ཡིན་ ཤེས་ པའི་ ཐོག་ ནས་ རྒྱུན་ འཁྱོངས་ བྱ་ རྒྱུ་ གལ་ ཆེན་ པོ་ ཆགས་ ཡོད། དེང་ སང་ རྒྱ་ ནག་ ནང་ ཧྥ་ འབྲི་ སྲོལ་ གཅིག་ འདུག དེ་ སྔོན་ མ་ འབྲི་ མཁན་ ཞིག་ གིས་ འུ་ ཐུག་ ནས་ བྲིས་ པ་ དེ་ ད་ ལྟ་ མ་ དག་ རྒྱུན་ འབྱམས་ ཕྱིན་ པ་ ཞིག་ ཡིན་ པ་ ལས། མཐུག་ པོ་ དང་ ལོག་ ཡིག་ སོགས་ གང་ དུའང་ མེད་ པ་ ཞིག་ རེད།
དྲི་ བ། ང་ ཚོས་ རྒྱལ་ ཁབ་ དང་ མིའི་ མིང་ སོགས་ ཐ་ སྙད་ གཏན་ འབེབས་ བྱེད་ སྐབས་ རྩ་ འཛིན་ གཙོ་ བོ་ ག་ པར་ འཇོག་ དགོས་ པ་ དང་ ། དེ་ དག་ གཅིག་ མཚུངས་ བཀོལ་ སྤྱོད་ ཐུབ་ ཐབས་ གང་ འདྲ་ ཡོད་ དམ།
ལན། ང་ ཚོས་ མི་ དང་ ས་ མིང་ སོགས་ ཀྱི་ སྒྲ་ གདངས་ དག་ དབྱིན་ ཡིག་ ནང་ བྲིས་ ཡོད་ ན་ ཨ་ རི་ དང་ དབྱིན་ ཇི་ གཉིས་ ཀྱི་ སྒྲ་ གདངས་ ཕལ་ ཆེར་ གཅིག་ པ་ ཡིན་ སྲིད་ ཀྱང་ ། ཧྥ་ རན་ སི་ དང་ འཇར་ མན་ སྐད། སི་ པན་ སྐད་ སོགས་ དབྱིན་ ཡིག་ དང་ འབྲི་ ཚུལ་ འདྲ་ པོ་ ཡོད་ ཀྱང་ སྒྲ་ གདངས་ མི་ འདྲ་ བ་ ཡོད་ སྟབས། འདྲ་ བ་ རྒྱུ་ མཚན་ བྱས་ ནས་ ས་ ཆ་ དང་ མི་ མིང་ སོགས་ ཁག་ ཅིག་ ཡོངས་ གྲགས་ ཡིན་ ཡང་ ། ང་ ཚོས་ རིགས་ ཁ་ ཤས་ ལ་ དོ་ སྣང་ མ་ བྱས་ པར་ ནོར་ འཁྲུལ་ ཤོར་ གྱི་ འདུག ལྷག་ པར་ དུ་ རྒྱ་ གར་ གྱི་ མི་ དང་ ས་ ཆའི་ མིང་ སོགས་ དབྱིན་ ཡིག་ ནང་ བྲིས་ པ་ གཞིར་ བཟུང་ ཚུར་ བསྒྱུར་ བ་ ཡིན་ ན། དཀའ་ ངལ་ ཆེན་ པོ་ ཡོད་ པ་ ཞིག་ ཚོར་ གྱི་ འདུག ས་ ཆ་ དང་ མི། ལུང་ པའི་ མིང་ སོགས་ རྒྱ་ གར་ ཡིན་ ན་ རྒྱ་ གར་ གྱི་ འབོད་ སྟངས་ ཁོ་ ན་ བསྒྱུར་ རྒྱུ་ དང་ ། ཉི་ ཧོང་ དང་ ཧྥ་ རན་ སིའི་ སྐད་ ཡིན་ ན་ སྒྲ་ གཞིར་ བཞག་ བསྒྱུར་ རྒྱུ་ གལ་ ཆེན་ པོ་ རེད། དཔེར་ ན། (Michael) དབྱིན་ ཡིག་ ཐོག་ མེ་ ཁཱལ་ འབོད་ ཀྱི་ ཡོད་ ཀྱང་ ། ཧྥ་ རན་ སི་ སྐད་ ཐོག་ མེ་ ཤཱལ་ འབོད་ ཀྱི་ ཡོད་ སྟབས། ང་ ཚོས་ མིང་ དེའི་ ཁུངས་ མ་ འཚལ་ བར་ མེ་ ཁཱལ་ ཡིན་ ཤག་ བྱས་ ནས་ བསྒྱུར་ ཚེ། རྒྱལ་ སྤྱིའི་ གསར་ འགྱུར་ ཁག་ གིས་ མེ་ ཤཱལ་ ཞེས་ འབོད་ སྐབས་ ངོ་ གནོངས་ དགོས་ པ་ ཆགས་ རྒྱུ་ རེད།
དྲི་ བ། ཡར་ ཐོན་ ཅན་ གྱི་ རྒྱལ་ ཁབ་ དང་ ཡུལ་ ལུང་ དག་ གིས་ ལོ་ ཙཱའི་ དཔུང་ ཁག་ ལ་ གཙིགས་ ཆེན་ བྱེད་ པ་ རེད། བཙན་ བྱོལ་ སྤྱི་ ཚོགས་ དང་ ། ཡང་ ན་ བོད་ མིའི་ སྒྲིག་ འཛུགས་ ཀྱི་ ངོས་ ནས་ ལོ་ ཙཱ་ དང་ ཡིག་ བསྒྱུར་ ལས་ རིགས་ ལ་ འགན་ འཁྱེར་ ཕྱོགས་ གང་ འདྲ་ མཐོང་ སོང་ ། འདིའི་ ཐད་ འཆར་ སྣང་ དང་ རེ་ བ་ དེ་ འདྲ་ ཡོད་ དམ།
ལན། དེང་ སང་ གི་ ལོ་ ཙཱ་ བ་ མང་ པོ་ ཞིག་ ནི་ སོ་ སོའི་ ལྟོ་ གོས་ ཆེད་ དང་ ལས་ གནས་ ཆེད་ བྱེད་ ཀྱི་ ཡོད་ པ་ མ་ ཟད། སྔོན་ མ་ དང་ བསྡུར་ ན་ མང་ བ་ ཡོད་ པ་ དང་ བསྒྱུར་ གཞི་ ཡིན་ ཡང་ འགའ་ ཤས་ ཀྱིས་ རྟོག་ སྒྲུང་ དང་ ཁ་ ཤས་ ཀྱིས་ ཚན་ རིག བྱིས་ སྒྲུང་ དང་ གཞས་ ཚིག ནུབ་ ཕྱོགས་ པའི་ རྩོམ་ རིགས་ གྲགས་ ཅན་ དང་ རྒྱལ་ སྤྱི་ རྒྱལ་ ནང་ གི་ གསར་ འགྱུར་ སོགས་ བསྒྱུར་ གྱི་ ཡོད་ པ་ མ་ ཟད། ང་ ཚོས་ བསྒྱུར་ སའི་ སྐད་ ཡིག་ དེ་ གཅིག་ ཡིན་ ན་ ཁྲིམས་ ཡིག་ ཅིག་ བཟོས་ ན་ འགྲིག་ གི་ ཡོད་ ཀྱང་ ། དེང་ སང་ བོད་ པའི་ ཆོས་ རིག་ དག་ ཧྥ་ རན་ སིའི་ སྐད་ ནས་ བོད་ སྐད་ ནང་ སྒྱུར་ མཁན་ དང་ ། བོད་ སྐད་ ནས་ ཧྥ་ རན་ སིའི་ སྐད་ ནང་ སྒྱུར་ མཁན་ ཡོད་ པ་ མ་ ཟད། སྐད་ ཡིག་ གཞན་ ནང་ ལའང་ གཅིག་ མཚུངས་ སྒྱུར་ མཁན་ ཡོད་ སྟབས། ང་ ཚོར་ སྒྲིག་ འཛུགས་ ཤིག་ ཡོད་ ཀྱང་ ། བསྒྱུར་ མཁན་ དེ་ དག་ ཚང་ མ་ བོད་ པ་ མིན་ སྟབས། དེའི་ དབང་ འོག་ ཏུ་ བསྡུ་ ཐུབ་ མིན་ གྱི་ དཀའ་ ངལ་ ཞིག་ ཆགས་ ཡོད། དཔེར་ ན། ན་ ནིང་ ས་ ར་ མཐོ་ སློབ་ ཀྱི་ གཞོན་ ནུས་ འགན་ བླངས་ ཏེ། གྲ་ སྒྲིག་ ཚོགས་ ཆུང་ བཙུགས་ པ་ སོགས་ ཀྱི་ ཐབས་ ཤེས་ བྱས་ ཀྱང་ དེ་ ཙམ་ གྱིས་ ནུས་ པ་ འཐོན་ ཐུབ་ ཀྱི་ མེད་ སྟབས། དཔལ་ འབྱོར་ དང་ དབང་ ནུས་ ཡོད་ མཁན་ ཚོས་ མར་ བཀོད་ སྒྲིག་ བྱས་ ནས་ ཐབས་ ཤེས་ བྱེད་ དགོས་ པ་ རེད་ མ་ གཏོགས། ང་ ཚོས་ སེམས་ ཁྲལ་ བྱས་ ནས་ སྡོད་ རྒྱུ་ ཙམ་ ལས་ ནུས་ པ་ འཐོན་ རྒྱུ་ གང་ ཡང་ ཡོད་ པ་ མ་ རེད།
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

