རྒྱ་གར་ནང་ན་ཚོད་མ་ལོན་པའི་མིས་བཙན་གཡེམ་སོགས་བྱས་པར་ནར་སོན་པའི་མི་ལྟར་ཁྲིམས་གཅོད་ལག་བསྟར་བྱ་རྒྱུ་ཡིན་པ་རེད།དེ་ཡང་རྒྱ་གར་གྱི་ནང་དེ་སྔོན་སྤྱི་ལོ་༢༠༡༢་ལོར་མི་ཁག་གཅིག་གིས་བུད་མེད་ལ་བཙན་གཡེམ་བྱས་པའི་གྱོད་གཞི་རིགས་མང་པོ་བྱུང་བཞིན་པའི་གནད་དོན་
དེ་ཚོར་གྲོས་ཚོགས་ཀྱི་ནང་རྒྱུན་རིང་གི་བཀའ་བསྡུར་ཐག་གཅོད་གནང་དོན་ལྟར། གལ་ཏེ་ལོ་ན་མ་སོན་པའི་གཞོན་སྐྱེས་ཀྱིས་ཀྱང་ཁྲིམས་འགལ་རྫབ་ཆེན་གྱི་བྱ་སྤྱོད་རིགས་སྤེལ་བ་ཡིན་ན་དེར་ལོ་རྒན་པ་ལྟར་ཁྲིམས་གཅོད་ལག་བསྟར་བྱ་རྒྱུའི་ཁྲིམས་གཞི་གཏན་འཁེལ་གནང་ཡོད་པ་དང་། དེ་ནི་ལོ་ན་༡༦་ནས་༡༨་བར་གྱི་ན་གཞོན་མང་པོ་ཞིག་གིས་ཁྲིམས་འགལ་བཙན་གཡེམ་བྱས་པའི་གྱོད་གཞི་མང་པོ་བྱུང་ཡོད་པ་དེ་ཚོར་མི་མང་གི་བསམ་འཆར་ལྟར་ཉེས་ཆད་གཏོང་དགོས་པའི་སྐོར་བརྗོད་ཀྱི་ཡོད་པ་རེད། དཔེར་ན་ལོ་གསུམ་གྱི་གོང་དུ་ལྡི་ལིར་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་སློབ་ཕྲུག་བེུད་ཅིག་ལ་མི་དྲུག་གིས་བཙན་གཡེམ་བྱས་པའི་གནས་ཚུལ་བྱུང་སྐབས་རྒྱ་གར་རྒྱལ་ཡོངས་ཀྱི་ནང་མི་མང་གིས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་དང། དེའི་སྐབས་བཙན་གཡེམ་བྱེད་མཁན་མི་དེ་རྣམས་འཛིན་བཟུང་བྱས་ཡོད་པ་དང་། དེ་ཚོའི་ནང་བཙན་གཡེམ་བྱེད་མཁན་མི་གཅིག་ལོ་ན་༡༧་ལས་སོན་མེད་པ་ཁོ་པར་ཉེས་ཆད་ལོ་༣་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
དེར་བརྟེན་དེ་ལྟ་བུའི་གཞོན་སྐྱེས་ཚོས་ཁྲིམས་འགལ་བཙན་གཡེམ་སོགས་བྱས་པའི་གྱོད་གཞི་དེ་ཚོར་ཞིབ་དཔྱོད་གནང་བའི་མཐར་སྲིད་བློན་ན་རན་ཌལ་མུར་དི་མཆོག་གིས་ཀྱང་མོས་མཐུན་མཚན་རྟགས་གནང་སྟེ་ཁྲིམས་གཞི་གསར་པ་དེ་གཏན་འབེབས་གནང་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།།
