རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱ་གཞུང་གིས་ཐབས་ལམ་གཞན་མ་རྙེད་པ་རེད།

ཁ་སང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཡོངས་བསྒྲགས་བྱས་པ་དེར་དབུས་བོད་མིའི་སྒྲིག་འཛུགས་ནས་ལན་འདེབས་གསལ་བསྒྲགས་ཤིག་གནང་འདུག
ཕྱི་ལོ་ ༡༩༩༠ ལོ་ནས་བཟུང་རྒྱ་གཞུང་གིས་བོད་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་
ཅེས་པ་ཞིག་འདོན་མགོ་བརྩམས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼བོད་འཕེལ་རྒྱས་ཀྱི་ལམ་བུའི་ལོ་རྒྱུས་གདམ་ག༽་ཅེས་པའི་ཕྱི་ལོ་ ༢༠༡༥ ལོའི་བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་པ་དང་། དེབ་དེའི་ནང་བོད་ཀྱི་ལམ་ལུགས་རྙིང་པ་ལོ་རྒྱུས་ཀྱི་སྡིངས་ཆའི་ཐོག་ནས་ངེས་པར་དུ་མེད་པ་བཟོ་དགོས་ལ། བོད་གསར་པ་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་ཀར་སྐྱོད་ཀྱི་ཡོད་སྐོར་དང་། དེ་བཞིན་དོན་དངོས་ཐོག་དབུ་མའི་ལམ་ནི་རྒྱལ་ཁབ་ཁ་བྲལ་གཏོང་བའི་སྲིད་བྱུས་ཤིག་ཡིན་ལ། ཞི་བདེ་དང་འཚེ་མེད་ཀྱི་རྣམ་པ་རྫུན་མའི་ཐོག་ནས་བོད་རང་བཙན་དང་། ༧གོང་ས་མཆོག་གི་སྔར་གྱི་སྐུ་དབང་བརྩོན་ལེན་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་དབུས་གཞུང་གིས་༧གོང་ས་མཆོག་ལ་བཟུང་བའི་སྲིད་བྱུས་དེར་འགྱུར་བ་མེད་པས། ༧གོང་ས་མཆོག་གིས་བོད་ནི་ལོ་རྒྱུས་ཀྱི་ཐོག་ནས་བཟུང་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་གནང་དགོས་པ་དང་འབྲེལ། བོད་རང་བཙན་གྱི་ལངས་ཕྱོགས་དོར་ཏེ་རྒྱལ་ཁབ་ཁ་བྲལ་གཏོང་བའི་སྲིད་བྱུས་མཚམས་འཇོག་གནང་བ་ཡིན་ན། ད་གཟོད་རྒྱ་ནག་དབུས་གཞུང་དང་འབྲེལ་བ་ལེགས་བཅོས་བཏང་བར་བརྗོད་ཆོག་སྐོར་སོགས་བསྒྲགས་ཡོད་སྟབས། ཁ་སང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལ་ལན་འདེབས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་བོད་མི་ཚོས་དབུ་མའི་ལམ་གྱི་ཐོག་ནས་བོད་རང་བཙན་རྩོད་བཞིན་ཡོད་སྐོར་ལོག་འགྲེལ་བྱས་དེ་གཞན་མགོ་རྨོངས་ཏུ་འཇུག་བྱེད་ཙམ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་འགེབ་སྲུང་བྱེད་པར་ཐབས་ལམ་གཞན་མ་རྙེད་པ་ཞིག་ཡིན་སྐོར་བརྗོད་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསལ་བསྒྲགས་ནང་། ཕྱི་ལོ་ ༡༩༩༠ མགོ་སྟོད་ནས་བཟུང་ད་བར་རྒྱ་ནག་གཞུང་གིས་བོད་ལྗོངས་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཐེངས་ ༡༣ བཏོན་ཡོད། དེ་ནི་པེ་ཅིང་གཞུང་གིས་ཕྱི་ལོ་ ༡༩༩༠ ནས་ད་བར་ལོ་གཉིས་རེའི་མཚམས་སུ་བོད་ཐོག་རྒྱབ་ཤ་དཀར་པོའི་དེབ་ཐེངས་རེ་བཏོན་པ་ལྟ་བུ་ཆགས་ཡོད། སྤྱིར་རྒྱབ་ཤ་དཀར་པོའི་དེབ་ཅེས་པའི་གོ་དོན་ནི། ཆེས་རྙོག་གཞི་ཅན་གྱི་གནད་དོན་ལ་གཞུང་གི་དབང་ཚད་ལྡན་པའི་ལམ་སྟོན་ཡིག་ཆའམ། དངོས་ཟོག་ཚོང་རྒྱུའི་དྲིལ་བསྒྲགས་ཡིག་ཆ་ཞིག་ལ་ཟེར་བ་ཡིན། བོད་ཐོག་རྒྱ་ནག་གཞུང་གིས་དབང་བསྒྱུར་བྱ་རྒྱུའི་ཐོབ་དབང་ཡོད་ཚུལ་བཤད་པ་དེར་ངོས་ལེན་བྱེད་མཁན་ཡོང་རྒྱུར་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ཐོག་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཐེངས་ ༡༣ པ་དེ་འདོན་སྤེལ་བྱེད་དགོས་ཐུག་ཡོད། བོད་ལྗོངས་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་དེ་ད་ཆ་ཧ་ཅང་མང་དྲགས་པ་དང་ཡིད་རྟོན་མི་རུང་ཞིང་། བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེ་དག་འགེབས་སྲུང་བྱ་རྒྱུར་ཕྱི་དྲགས་པ་རེད། ཅེས་དང་
ཐེངས་འདིའི་རྒྱབ་ཤ་དཀར་པོའི་བརྗོད་དོན་སྐོར་ལ། རྒྱ་ནག་གཞུང་གིས་ད་བར་བོད་ཐོག་བོད་ལྗོངས་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ ༡༢ བཏོན་ཟིན་པ་རྣམས་དང་མི་འདྲ་བར་ཐེངས་འདིའི་རྒྱབ་ཤ་དཀར་པོའི་ནང་། སྔ་ལོ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་སྟེང་རྣམ་པ་གསར་པའི་ཐོག་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་སྤེལ་ཡོད་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད། འོན་ཀྱང་དེ་ནི་ཕྱིས་དྲགས་ཡོད། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་མི་ཚོས་རང་བཙན་རྩོད་བཞིན་ཡོད་སྐོར་ལོག་འགྲེལ་བྱས་ཡོད་པ་དེ་ནི་ཆེད་མངགས་གཞན་དག་མགོ་བོ་རྨོངས་སུ་འཇུག་རྒྱུའི་ཐབས་ལམ་ཞིག་ལས་མ་འདས། འཁྱོག་བཤད་འདི་ལྟ་བུ་བྱ་རྒྱུ་ལས་རྒྱ་ནག་གཞུང་ལ་ཐབས་ལམ་གཞན་རྙེད་མེད། དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་གཅིག་ཐོབ་ཐབས་བྱེད་བཞིན་ཡོད་པ་དེ་ནི་གཉིས་སྨན་གྱི་ཐབས་ལམ་ཞིག་ཡིན། དེར་བརྟེན་སྲིད་གཞུང་མང་པོས་སྲིད་བྱུས་འདིར་བསྔགས་བརྗོད་ཞུ་བཞིན་ཡོད་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ནས་ཐབས་ལམ་འདིར་དགའ་མོས་ཆེན་པོ་བྱེད་བཞིན་ཡོད། ཐེངས་འདིར་དེ་སྔའི་བོད་ལྗོངས་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་དེ་དག་དང་མི་འདྲ་བར་༸གོང་ས་མཆོག་ནས་རྒྱ་ནག་གཞུང་དང་ལྷན་འབྲེལ་བ་མཛད་རྒྱུའི་ཀུན་སློང་ལ་ཟུར་ཟ་དང་མཚན་སྨད་བྱས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་ཧ་ཅང་གུས་བཀུར་དང་ཆེ་བསྟོད་ཞུ་ཡུལ་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་སྟབས། ༸གོང་ས་མཆོག་གི་ཀུན་སློང་དང་དགོངས་པ་བཞེས་ཕྱོགས་ལ་རྒྱ་ནག་གཞུང་ནས་ངོས་སྦྱོར་གང་ཡང་ཐོབ་དགོས་ཀྱི་མེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྩོད་མེད་ཡོངས་གྲགས་ཀྱི་བོད་མིའི་དབུ་ཁྲིད་གཅིག་ཡིན་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱ་རིགས་ཚོས་ཀྱང་ཡིད་སྨོན་ཞུ་ཡུལ་ཞིག་ཡིན། ཞེས་བརྗོད་འདུག
མཇུག་ཏུ། གསར་འགོད་ཚན་པ་ཁག་གིས་ཡང་ཡང་འགྲེལ་བརྗོད་བྱས་པ་ལྟར་ན། གསར་འགོད་པ་རྣམས་བྱང་ཀོ་རི་ཡ་ལས་བོད་ནང་དུ་འགྲོ་རྒྱུར་དམ་བསྒྲགས་ཆེ་བ་ཡོད་སྐོར་བརྗོད་བཞིན་ཡོད། བྱང་ཀོ་རི་ཡ་ནི་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་གཅིག་ཡིན། བོད་ཐོག་རྒྱབ་ཤ་དཀར་པོའི་དེབ་འདོན་རྒྱུའི་ཚབ་ཏུ་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་དང་གསར་འགོད་པ་འགྲོ་རྒྱུའི་ཐོབ་ཐང་སྤྲད་དེ། ཁོང་རྣམ་པས་འཛམ་གླིང་མི་མང་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་གྱི་སྙན་ཐོ་དང་དཔང་པོ་བྱེད་འཇུག་དགོས། ཞེས་འབོད་སྐུལ་གནང་འདུག
གསར་འགོད་པ། པདྨ་མཚོ།
དུས་བབ་དྲ་བ་ནས།