ཉིན་ འདི་ གར་ ས་ སྐྱ་ གོང་ མ་ རིན་ པོ་ ཆེ་ མཆོག་ ཨ་ རི་ ཁུལ་ དུ་ ཆིབས་ བསྒྱུར་ སྐྱོང་ བཞིན་ ཡོད་ པ་ ལྟར། གཟའ་ ཉི་ མའི་ ཉིན་ མི་ ནི་ སོ་ ཊ་ བོད་ རིགས་ སྤྱི་ མཐུན་ ཚོགས་ པས་ བཀའ་ དྲིན་ རྗེས་ དྲན་ གྱི་ གཟེངས་ རྟགས་ ཤིག་ ཕུལ་ ཡོད་ འདུག
ཨ་ རིའི་ མི་ ནི་ སོ་ ཊ་ རུར་ ཡོད་ པའི་ ས་ སྐྱ་ ཆོས་ ཚོགས་ ཀྱིས་ གསོལ་ འདེབས་ ཞུས་ པ་ ལྟར་
གཟེངས་ རྟགས་ འབུལ་ བཞེས་ ཀྱི་ མཛད་ སྒོའི་ སྟེང་ ། ས་ གནས་ བོད་ རིགས་ སྤྱི་ མཐུན་ ཚོགས་ པའི་ ཚོགས་ གཞོན་ ངག་ དབང་ འཆི་ མེད་ ལགས་ ཀྱིས་ ངོ་ སྤྲོད་ གནང་ བར། དཔལ་ ས་ སྐྱ་ གོང་ མ་ བདག་ ཁྲི་ རིན་ པོ་ ཆེ་ མཆོག་ གིས་ དུས་ ནས་ དུས་ སུ་ འཛམ་ གླིང་ ཞི་ བདེ་ དང་ བོད་ རིགས་ མཐུན་ འབྲེལ། ནང་ བསྟན་ དར་ སྤེལ། རིག་ གཞུང་ སྲུང་ སྐྱོབ་ སོགས་ ཀྱི་ ཐད་ དུ་ ཕྱག་ ལས་ རྒྱ་ ཆེན་ པོ་ གནང་ བ་ མ་ ཟད། ས་ གནས་ འདིར་ ལན་ མང་ ཆིབས་ བསྒྱུར་ བསྐྱངས་ ཏེ་ བླང་ དོར་ གྱི་ ལམ་ སྟོན་ ཟབ་ མོ་ ཡང་ ཡང་ བསྩལ་ བར་ བཀའ་ དྲིན་ རྗེས་ དྲན་ དང་ ། ས་ སྐྱའི་ ཁྲི་ འཛིན་ གྱི་ ལམ་ ལུགས་ ལ་ དམངས་ གཙོའི་ འགྲོས་ དང་ མཐུན་ པའི་ གསར་ གཏོད་ གནང་ བར་ ཐུགས་ རྗེ་ ཆེ་ ཞུ་ བ་ བཅས་ ཀྱི་ ཕྱིར་ དུ། གཟེངས་ རྟགས་ དེ་ ཕུལ་ བ་ ཡིན་ སྐོར་ སོགས་ བརྗོད་ ཡོད་ འདུག
གཟེངས་ རྟགས་ ཀྱི་ ནང་ དོན་ ཡི་ གེའི་ ནང་ ། མཚན་ མཆོག་ གསུམ་ ལྡན་ གྱི་ གདུང་ བརྒྱུད་ ལས་ བལྟམས་ པའི་ ཁམས་ གསུམ་ ཆོས་ ཀྱི་ རྒྱལ་ པོ། ༧དཔལ་ ལྡན་ ས་ སྐྱ་ གོང་ མ་ བདག་ ཁྲི་ རྡོ་ རྗེ་ འཆང་ ཆེན་ པོ་ ༧ངག་ དབང་ ཀུན་ དགའ་ ཐེག་ ཆེན་ དཔལ་ འབར་ འཕྲིན་ ལས་ བསམ་ འཕེལ་ དབང་ གི་ རྒྱལ་ པོ་ མཆོག་ གིས་ བསྟན་ འགྲོ་ སྤྱི་ དང་ ། བྱེ་ བྲག་ གངས་ ཅན་ བོད་ ཀྱི་ བསྟན་ སྲིད་ ལུགས་ གཉིས་ ལ་ ཕན་ པའི་ མཛད་ འཕྲིན་ ཇི་ སྙེད་ ཅིག་ བསྐྱངས་ བར་ དང་ ། ཁྱད་ པར་ དུ་ སྒོ་ ཀུན་ ནས་ ༧སྤྱི་ ནོར་ གོང་ ས་ སྐྱབས་ མགོན་ ཆེན་ པོ་ མཆོག་ གི་ ཕྱག་ ལག་ གཡས་ པ་ ལྟ་ བུར་ ཕྱག་ རོགས་ དཔུང་ འདེགས་ ཀྱིས་ ས་ གནས་ འདིར་ ཡང་ ཆིབས་ བསྒྱུར་ བཀའ་ དྲིན་ ཐེངས་ མང་ བསྐྱངས་ ཤིང་ ། འདི་ ཕྱི་ གཉིས་ ཕན་ གྱི་ བཀའ་ སློབ་ ལམ་ སྟོན་ ཟབ་ མོ་ ཇི་ སྙེད་ བསྩལ་ གནང་ བར་ བཀའ་ དྲིན་ རྗེས་ དྲན་ མཚོན་ དོད་ དུ་ གཟེངས་ རྟགས་ འདི་ བཞིན་ གུས་ ཕུལ་ ཞུས།། མི་ ནི་ སོ་ ཀྲ་ བོད་ རིགས་ སྤྱི་ མཐུན་ ཚོགས་ པས།། ཞེས་ སོགས་ བཀོད་ ཡོད་ འདུག
སྐབས་ དེར་ ས་ སྐྱ་ གོང་ མ་ རིན་ པོ་ ཆེ་ མཆོག་ གིས་ གསུང་ བཤད་ གནང་ དོན། ང་ རང་ ག་ དུས་ ས་ གནས་ འདིར་ འབྱོར་ བ་ ཡིནའང་ ཆོས་ ཚོགས་ ཁག་ དང་ ། ཚོགས་ པ་ སྐྱིད་ སྡུག་ ཁག་ དེ་ བཞིན་ མི་ མང་ ཡོངས་ ནས་ ལྷག་ བསམ་ རྣམ་ དག་ གིས་ སྲོལ་ རྒྱུན་ གྱི་ གོམས་ སྲོལ་ དང་ མཐུན་ པའི་ སྣེ་ ལེན་ དང་ གོ་ སྒྲིག་ ཧ་ ཅང་ ཟབ་ རྒྱས་ གནང་ བ་ དང་ ། ཁྱད་ པར་ དུ་ ད་ ལན་ བོད་ རིགས་ སྤྱི་ མཐུན་ ཚོགས་ པས་ ང་ ལ་ གཟེངས་ རྟགས་ གནང་ བར་ ངས་ ཐུགས་ རྗེ་ ཆེ་ ཞེས་ ཞུ་ རྒྱུ་ ཡིན། འོན་ ཏེ་ ང་ རང་ ལ་ དམིགས་ བསལ་ གྱི་ གཟེངས་ རྟགས་ གནང་ འོས་ པ་ གང་ ཡང་ མེད་ ཀྱང་ ། ཁྱེད་ རང་ ཚོས་ བརྩེ་ བ་ དང་ ལྷག་ བསམ་ རྣམ་ དག་ གིས་ གཟེངས་ རྟགས་ གནང་ བར་ ཧ་ ཅང་ དགའ་ བོ་ བྱུང་ ། ངས་ བསྟན་ པ་ སྤྱི་ དང་ བྱེ་ བྲག་ སོ་ སོ་ རང་ གི་ ཆོས་ བརྒྱུད་ ཀྱི་ བསྟན་ རྒྱུན་ ལ་ ཞབས་ འདེགས་ ཕྲན་ བུ་ ཞུ་ རྒྱུ་ བྱུང་ བ་ སོགས་ ལེགས་ ཚོགས་ ཀྱི་ བྱ་ བ་ གང་ ཞིག་ བསྒྲུབ་ ཐུབ་ པ་ ཇི་ སྙེད་ སྤྱི་ ནོར་ ༧གོང་ ས་ སྐྱབས་ མགོན་ ཆེན་ པོས་ བླ་ ན་ མེད་ པའི་ རླབས་ ཆེན་ གྱི་ མཛད་ འཕྲིན་ དང་ ཐུགས་ རྗེ་ བཀའ་ དྲིན་ ཉག་ ཅིག་ ལ་ བརྟེན་ ནས་ བྱུང་ བ་ ཞིག་ ལ་ ངོས་ འཛིན་ ཞུ་ རྒྱུ་ ལས་ ང་ རང་ ཉིད་ ཀྱི་ འཇོན་ ཐང་ དང་ ནུས་ པ་ གང་ ཡང་ མིན། ཞེས་ གསུངས་ འདུག
ཁོང་ གིས་ མུ་ མཐུད་ དུ། སྤྱིར་ བཏང་ ལུགས་ སྲོལ་ དེ་ དམིགས་ བསལ་ གྱི་ གསར་ གཏོད་ འདྲ་ བོ་ ཞིག་ གང་ ཡང་ མ་ རེད། སྔོན་ མ་ ནས་ ལོ་ རྒྱུས་ ཐོག་ ཏུ་ དཔལ་ ལྡན་ ས་ སྐྱ་ པའི་ གྲུབ་ མཐའ་ དེ་ ཉིད་ ཐོག་ མར་ དབུ་ བརྙེས་ མཁན་ དང་ ། བར་ དུ་ སྲོལ་ གཏོད་ མཁན། ཐ་ མ་ དར་ ཞིང་ རྒྱས་ པ་ བྱེད་ མཁན་ ཆ་ ཚང་ དེ་ གཙོ་ བོ་ འཁོན་ གྱི་ གདུང་ བརྒྱུད་ རྣམས་ ཡིན་ སྟབས། དེའི་ ལུགས་ སྲོལ་ གཞི་ རུ་ བྱས་ པ་ ལས་ དམིགས་ བསལ་ གྱི་ གསར་ གཏོད་ འདྲ་ རྒྱ་ ཆེན་ པོ་ གང་ ཡང་ མ་ རེད། དེ་ ཡིན་ དུས་ འཁོན་ གདུང་ རྣམ་ པས་ ཁྲི་ འཛིན་ བྱེད་ རྒྱུ་ དེ་ གཞིར་ བཞག་ རེད་ ལ། ད་ ལྟ་ ཕོ་ བྲང་ ཁག་ གཉིས་ ཀའི་ འཁོན་ གདུང་ རྣམ་ པ་ སྐུ་ ཚད་ རྫོགས་ ཏེ་ སྐུ་ ཡོན་ གསན་ བསམ་ ཡང་ ལ་ ཆེར་ གྲུབ་ ལ་ ཉེ་ བ་ ཡིན་ དུས། ཁོང་ རྣམ་ པས་ ཐུགས་ འགན་ བཞེས་ རྒྱུ་ ནི་ གཏན་ ཁེལ་ འདྲ་ བོ་ ཡིན་ དུས་ ད་ ལྟར་ ང་ ཚོ་ རྒན་ པ་ ཚོ་ ཡོད་ སྐབས་ ཐུགས་ འགན་ བཞེས་ པ་ ཡིན་ ན་ ང་ ཚོས་ རྒྱུས་ ཡོད་ དང་ ། གཞོགས་ འདེགས་ འདྲ་ བྱེད་ ཐུབ་ རྒྱུ་ རེད་ བསམ་ སྟེ་ ༢༠༡༧ ལོ་ ནས་ ཁོང་ རྣམ་ པས་ ཐུགས་ འགན་ བཞེས་ རྒྱུའི་ དབུ་ འཛུགས་ བྱེད་ གཏན་ ཁེལ་ བ་ ཡིན། ཞེས་ གསུངས་ འདུག
གོང་ མ་ རིན་ པོ་ ཆེ་ མཆོག་ གིས་ མུ་ མཐུད་ དུ་ གསུངས་ དོན། ང་ རང་ གི་ ངོས་ ནས་ ད་ ལྟའི་ བར་ དུ་ བསྟན་ པ་ སྤྱི་ དང་ བྱེ་ བྲག་ ལ་ ལྷག་ བསམ་ རྣམ་ དག་ གིས་ ཞབས་ ཞུ་ གང་ ཐུབ་ བྱས་ པ་ དང་ ། ཁྱད་ པར་ དུ་ སྤྱི་ ནོར་ ༧གོང་ ས་ སྐྱབས་ མགོན་ ཆེན་ པོའི་ དགོངས་ གཞི་ དང་ དགོངས་ ཕྱོགས་ ལ་ གང་ ཐུབ་ ཀྱི་ ཉིན་ མཚན་ དུས་ ཀུན་ ཏུ་ ལུས་ ངག་ ཡིད་ གསུམ་ གྱི་ སྒོ་ ནས་ འབད་ བརྩོན་ བྱེད་ དགོས་ ཞེས་ གཞན་ ལ་ བསླབ་ བྱ་ དང་ ། འབོད་ བསྐུལ་ ཞུ་ བཞིན་ ཡོད་ ལ། གཞན་ ལ་ བསླབ་ བྱ་ བྱས་ པ་ ལྟར་ རང་ ངོས་ ནས་ ཀྱང་ གང་ ཐུབ་ བསྒྲུབ་ དགོས་ རྒྱུ་ དེ་ གལ་ ཆེན་ པོ་ ཡིན་ སྟབས། གང་ ཐུབ་ ཀྱིས་ འབད་ བརྩོན་ བྱེད་ བཞིན་ ཡོད། སྤྱི་ ནོར་ ༧གོང་ ས་ སྐྱབས་ མགོན་ ཆེན་ པོ་ ཁོང་ ནི་ བོད་ ཆོས་ སྲིད་ གཉིས་ ཀྱི་ དབུ་ ཁྲིད་ བཀའ་ དྲིན་ བླ་ ན་ མེད་ པ་ ཞིག་ ཡིན་ པར་ མ་ ཟད། ང་ རང་ སྒེར་ ངོས་ ནས་ ཆུང་ དུས་ ནས་ མདོ་ བསྔགས་ ཀྱི་ གསུང་ ཆོས་ མང་ པོ་ ཞུས་ ཏེ་ རྩ་ བའི་ བླ་ མ་ གལ་ ཆེ་ ཤོས་ ཤིག་ ཡིན་ སྟབས། བླ་ མའི་ བཀའ་ བསྒྲུབ་ རྒྱུ་ ནི་ སྤྱི་ རནང་ པ་ སངས་ རྒྱས་ པ་ དང་ ཁྱད་ པར་ གསང་ སྔགས་ རྡོ་ རྗེ་ ཐེག་ པའི་ ནང་ དུ་ དངོས་ གྲུབ་ ཐམས་ ཅད་ ཀྱི་ རྩ་ བ་ དེ་ བླ་ མ་ ཡིན་ པར་ གསུངས་ ཡོད་ སྟབས། བླ་ མའི་ བཀའ་ བསྒྲུབ་ རྒྱུ་ དེ་ གལ་ ཆེ་ ཤོས་ ཆགས་ ཡོད་ དུས་ ང་ རང་ ངོས་ ནས་ དེ་ བཞིན་ ཞུ་ བཞིན་ ཡོད་ ལ། མ་ འོངས་ པར་ ཡང་ ཞུ་ རྒྱུ་ ཡིན། ཞེས་ སོགས་ གསུངས་ ཡོད་ འདུག
དུས་བབ་དྲ་བ་ནས།།
