ཕྱི་ལོ་༢༠༡༥ ཟླ་༥ ཚེས་༡༧ ཉིན་དེ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་མོར་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་དང་། དེ་བཞིན་ལོ་འདིར་༧ཀུན་གཟུགས་པཎ་ཆེན་སྐུ་ཕྲེང་༡༡ པ་གཙོས། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཐོབ་ཆེད་འབད་བརྩོན་གནང་རྒྱུ་ཡིན་སྐོར་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱིས་བསྒྲགས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༡ ཉིན་གྱི་ཉིན་རྒྱབ་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་དང་། ཕྱི་འབྲེལ་དྲུང་ཆེ་དག་པོ་བསོད་ནམས་ནོར་བུ་གཉིས་ཀྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། སྐབས་དེར་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱི་གསར་འགོད་གསལ་བསྒྲགས་དང་འབྲེལ་བའི་ཡིག་ཐོག་གི་འབོད་སྐུལ་ཞུ་ཡིག་ཅིག དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ཀྱིས་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། “ཕྱི་ལོ་༢༠༡༥ ཟླ་༥ ཚེས་༡༧ རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་དང་བསྟུན། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས། བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་ཐོབ་ཆེད་རྒྱབ་སྐྱོར་གནང་རོགས་ཞེས་ང་ཚོས་སྐུ་ཉིད་ལ་འབོད་སྐུལ་ཞུ་རྒྱུ་ཡིན། འདི་ལོའི་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་མོ་འདི་ནི། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་རྣམས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཧྲིལ་པོ་༢༠ འཁོར་བའི་དུས་ཚིགས་སུ་ཁེལ་ཡོད།
ཕྱི་ལོ་༡༩༩༥ ཕྱི་ཟླ་༥ ཚེས་༡༤ ཉིན་སྤྱི་ནོར་༧གོང་ས་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་ མཆོག ༧པཎ་ཆེན་སྐུ་ཕྲེང་༡༠ པའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་ཉིན་གསུམ་གྱི་རྗེས་ཁོང་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཡོད། སྐབས་དེར་ཁོང་དགུང་གྲངས་༦ ལས་སོན་མེད་སྟབས་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་ཆགས་པ་རེད། དུས་སྐབས་དེ་ནས་བཟུང་ད་བར་མི་ལོ་༢༠ རིང་ཁོང་དང་ཁོང་གི་ནང་མི་རྣམས་ས་གནས་གང་དུ་ཡོད་མེད་ཤེས་རྟོགས་མེད་པར་གྱུར་ཡོད། རྒྱ་ནག་གཞུང་ནས་༧གོང་ས་མཆོག་གིས་ངོས་འཛིན་མཛད་པའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བརྩིས་མེད་བཏང་སྟེ་ཁྱིའུ་གཞན་ཞིག་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བསྐོ་གཞག་བྱས་ཡོད་”ཅེས་དང་།
གསལ་བསྒྲགས་དེའི་ནང་མུ་མཐུད་དུ་འཁོད་དོན། “ཕྱི་ལོ་༢༠༡༡ ཟླ་༤ ཚེས་༨ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གར་སོང་ཆ་མེད་དུ་གྱུར་པའི་བཙོན་པ་ཞིབ་བཤེར་ཚོགས་ཆུང་གིས་སྤྱི་ཡོངས་བསྒྲགས་གཏམ་ཞིག་སྤེལ་ཏེ། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༦ སོན་སྐབས་ཏེ་ཕྱི་ལོ་༩༩༥ ལོར་གར་སོང་ཆ་མེད་དུ་གྱུར་ཡོད་པ་བསྒྲགས་ཡོད། ཕྱོགས་མཚུངས་རྒྱ་གཞུང་ནས་ཀྱང་ཁོང་བཙན་ཁྲིད་བྱས་པར་ངོས་ལེན་བྱས་པ་རེད། འོན་ཀྱང་ད་བར་ཀུན་གཟིགས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་། གནས་སྟངས་ཇི་ཡིན་སྐོར་གསལ་བཤད་གང་ཡང་བྱས་མེད།
རྒྱལ་སྤྱིའི་མནར་གཅོད་འགོག་ཐབས་དང་བྱིས་པའི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་བཅས་ཀྱིས། པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཡིན་གསལ་ བཤད་དགོས་པའི་རེ་འདུན་བཏོན། འོན་ཀྱང་རྒྱ་ནག་གཞུང་གིས་རེ་འདུན་དེ་དག་ལ་ཡ་ལན་གང་ཡང་མ་བྱས་པར་མུ་མཐུད་ནས་ཁོང་དང་ཁོང་གི་ནང་མི་རྣམས་བཀག་ཉར་བྱེད་བཞིན་ཡོད།
བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་ཞིབ་བྱ་རྒྱུའི་ལམ་ལུགས་དེར་ཆོས་མེད་སྨྲ་བའི་རྒྱ་ནག་གུང་ཁྲན་ཏང་གིས་བཙན་དབང་འོག་དབང་སྒྱུར་བྱ་ཐབས་བྱེད་བཞིན་ཡོད། ༧ཀུན་གཟིགས་པཎ་ཆེན་ཡང་སྤྲུལ་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་སྟབས། བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་དྲུང་ནས་དབང་ལུང་ཁྲིད་གསུམ་སོགས་ཀྱི་གདམས་པ་མང་པོ་ཞིག་གསན་བསམ་མཛད་དགོས་པར་བརྟེན། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གནོན་ཤུགས་གང་ཡང་མེད་པའི་སྒོ་ནས་ཁོང་ལ་གོ་སྐབས་ངེས་པར་དུ་འབུལ་དགོས།
བོད་མི་རྣམས་རྒྱ་ནག་གཞུང་གིས་དབང་སྒྱུར་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་དང་ཆབ་སྲིད་རང་དབང་ཐོག་དམ་དྲག་བྱས་པ་དང་། བོད་མིའི་རིག་གཞུང་དང་ཁོར་ཡུག་གཏོར་བཤིག་བཏང་བ། བོད་མི་རྣམས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཟུར་འབུད་དང་མི་རིགས་དབྱེ་འབྱེད་བྱས་པ་སོགས་ལ་བརྟེན་ནས། ཕྱི་ལོ་༢༠༠༩ ནས་ད་བར་བོད་མི་༡༣༨ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་གནང་ཡོད།
དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་འཛམ་གླིང་ཁྱོན་དུ་གནས་པའི་བོད་ཀྱི་གྲོགས་པོ་བཅས་ལ་གཤམ་འཁོད་ལས་གཞི་ཁག་ལག་བསྟར་གནང་ཐོག ཕྱི་ལོ་༢༠༡༥ ཟླ་༥ ཚེས་༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཉིན་མོར་སྲུང་བརྩི་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག
མཐར་གསལ་བསྒྲགས་དེའི་ནང་ལས་འགུལ་དང་འབྲེལ་བའི་རེ་འདུན་ཁག་གསུམ་བཏོན་ཡོད་པ་ནི། ༡) རང་ཉིད་གནས་སྡོད་བྱེད་སའི་ཁུལ་དུ་སྨོན་ལམ་གསུང་འདོན་དང་མཆོད་མེ་ཞལ་ཕྱེ། དེ་བཞིན་བོད་དང་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་སྐོར་བགྲོ་གླེང་གནང་རྒྱུ།
༢) འབྲེལ་ཡོད་སྲིད་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཞུ་སྙན་ཕུལ་བ་བརྒྱུད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་ཐུབ་ཐབས་གནང་དགོས།
༣) འབྲེལ་ཡོད་གསར་འགོད་པ་རྣམས་དང་འབྲེལ་བ་གནང་ནས་ལས་འགུལ་སྤེལ་བ་དེ་དག་གསར་ཤོག་ཐོག་འདོན་སྤེལ་གནང་ཐབས་བྱ་རྒྱུ།
ཀུན་གཟིགས་ཕཎ་ཆེན་སྐུ་ཕྲེང་༡༡ མཆོག་གི་སྐོར་གོ་རྟོགས་སྤེལ་ཆེད་གཤམ་གསལ་དྲ་ཚིགས་ཁ་བྱང་(www.solidaritywithtibet.org) ལ་གཟིགས་རོགས་གནང་ཞེས་སོགས་འཁོད་འདུག གསར་འགོད་པ་བློ་བཟང་མཁྱེན་བརྩེ།
བང་ཆེན་དྲ་བ་ནས།།
