རྒྱ་
འདི་ ལོའི་ ཕྱི་ ཟླ་ ༣ ཚེས་ ༡༤ དང་ ༡༥ བཅས་ ཉིན་ གཉིས་ རིང་ བོད་ མདོ་ སྨད་ མཚོ་ སྔོན་ ཞིང་ ཆེན་ མཚོ་ ལྷོ་ ཁུལ་ འབའ་ རྫོང་ དུ། འབའ་ ཤིང་ ཁྲི་ དགོན་ པའི་ དགེ་ འདུན་ པ་ དང་ ས་ གནས་ མི་ མང་ གིས། རྒྱ་ གཞུང་ གི་ དྲག་ གནོ་ དབང་ བསྒྱུར་ སྲིད་
ཇུས་ ལ་ ངོ་ རྒོལ་ བྱས་ ཡོད་ པ་ དང་ ། གནས་ ཚུལ་ དེར་ རྐྱེན་ བྱས་ ཏེ་ རྒྱ་ གཞུང་ གིས་ སྔ་ ཕྱིར་ ཤིང་ ཁྲི་ དགོན་ པའི་ དགེ་ འདུན་ པ་ ༡༠ གཙོས་ བོད་ མི་ ཁག་ ཅིག་ འཛིན་ བཟུང་ གིས་ ཁྲིམས་ ཆད་ དང་ ཁག་ ཅིག་ བཀག་ ཉར་ བྱས་ ཡོད་ པ་ ལྟར། ཉེ་ ལམ་ སྐབས་ དེར་ འཛིན་ བཟུང་ བྱས་ པའི་ བོད་ མི་ ཁག་ ཅིག་ ཀློད་ གྲོལ་ བཏང་ ཡོད་ ཀྱང་ ། དབུ་ འཁྱུད་ པར་ ཁང་ གི་ སྦྱིན་ བདག་ ཚེ་ རིང་ དབང་ རྒྱལ་ ལགས་ ལ་ ལོ་ ༡ དང་ ཟླ་ ༦ བཙོན་ འཇུག་ ཁྲིམས་ ཐག་ བཅད་ འདུག
བཙན་ བྱོལ་ ཏུ་ ཡོད་ པའི་ ཁོང་ གི་ ཉེ་ འབྲེལ་ ཞིག་ གིས་ གསར་ ལམ་ དུ་ བརྗོད་ པ་ ལྟར་ ན། རྒྱ་ ནག་ གཞུང་ གིས་ རང་ ལོ་ ༣༦ ཡིན་ པའི་ ཚེ་ རིང་ དབང་ རྒྱལ་ ལགས། སྐབས་ དེའི་ ལས་ འགུལ་ གྱི་ སྣེ་ འཁྲིད་ པ་ ཡིན་ པའི་ ཉེས་ མིང་ འོག་ ཕྱི་ ཚེས་ ༡༥ ཉིན་ འཛིན་ བཟུང་ བཙན་ འཁྲིད་ བྱས་ ཏེ། བདུན་ ཕྲག་ གཅིག་ རིང་ བཀག་ ཉར་ འདྲི་ བརྩད་ བྱས་ རྗེས་ ཀློད་ གྲོལ་ བཏང་ ཡོད་ ཀྱང་ ། ཉིན་ གཉིས་ ཀྱི་ རྗེས་ སུ་ ཡང་ བསྐྱར་ འཛིན་ བཟུང་ གིས་ ཟླ་ ༩ ལྷག་ གི་ བཀག་ ཉར་ བྱས་ ཡོད་ འདུག ཕྱིས་ སུ་ རྒྱ་ གཞུང་ གིས་ ཁོང་ ལ་ ལོ་ ༢ ནས་ ༣ བར་ གྱི་ ཁྲིམས་ ཐག་ གཅོད་ རྒྱུ་ ཡིན་ པའི་ གནས་ ཚུལ་ གོ་ འཕྲལ། ཕྱི་ ཟླ་ ༥ བའི་ ཚེས་ ༢༠ ཉིན་ ཁོང་ གི་ ནང་ མིས་ རྒྱ་ ནག་ ནང་ ཁུལ་ ནས་ ཁྲིམས་ རྩོད་ པ་ གཉིས་ གླས་ ཡོང་ སྟེ་ གཞུང་ ལ་ ཁྲོམས་ རྩོད་ བྱས་ ཡོད་ ཀྱང་ ། གྲུབ་ འབྲས་ མ་ བྱུང་ བར་ ཕྱི་ ཟླ་ ༡༢ ཚེས་ ༢༡ ཉིན་ ཁོང་ ལ་ སྐབས་ དེའི་ ལས་ འགུལ་ སྣེ་ འཁྲིད་ མཁན་ ཡིན་ པའི་ ཉེས་ མིང་ འོག་ ཁྲིམས་ ཐག་ བཅད་ ཡོད་ འདུག
གནས་ ཚུལ་ ཡོང་ ཁུངས་ གཞན་ ཞིག་ གིས་ བརྗོད་ ན། ཚེ་ རིང་ དབང་ རྒྱལ་ ལགས་ ལ་ ཁྲིམས་ ཐག་ བཅད་ རྗེས་ འབའ་ རྫོང་ དུ་ བཀག་ ཉར་ བྱས་ ཡོད་ པ་ དང་ ། བདུན་ ཕྲག་ གཅིག་ གི་ རྗེས་ སུ་ ས་ གནས་ གཞན་ དུ་ འཁྲིད་ རྒྱུ་ ཡིན་ འདུག
ཚེ་ རིང་ དབང་ རྒྱལ་ ལགས་ ནི། མཚོ་ ལྷོ་ ཁུལ་ འབའ་ རྫོང་ རྨ་ བྱང་ ཤང་ གཡུ་ སྔོགས་ གྲོང་ སྡེ་ བྲག་ དམར་ རུ་ ཁག་ ནས་ ཡིན་ པ་ དང་ ། མ་ མིང་ ལ་ གཡང་ ཁོ་ དང་ བཟའ་ ཟླའི་ མིང་ ལ་ རིག་ གསེར་ མཚོ་ འབོད་ ཀྱི་ ཡོད་ འདུག་ ལ། ད་ དུང་ ཁོང་ གི་ ཁྱིམ་ དུ་ ལོ་ ༩༠ ཞིང་ མིག་ གཉིས་ ལོང་ བ་ ཡིན་ པའི་ ཨ་ ནེ་ བསྟན་ འཛིན་ སྒྲོལ་ མ་ འབོད་ པ་ ཞིག་ ཀྱང་ ཡོད་ འདུག ཉེ་ ཆར་ ཁོང་ འཛིན་ བཟུང་ བྱས་ རྗེས་ རྒྱ་ གཞུང་ གིས་ ཁོང་ གི་ ཁྱིམ་ ལ་ སྔོག་ བཤེར་ བྱས་ པ་ མ་ ཟད། གློག་ ཀླད་ གཉིས་ དང་ ཅ་ དངོས་ སོགས་ གཞུང་ བཞེས་ བཏང་ ཡོད་ འདུག
གསར་ འགོད་ པ། དོན་ གོ
དུས་བབ་དྲ་བ་ནས།
