དེ་རིང་ཞོགས་པར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ཀྱིས་གྲོས་ཚོགས་ནང་ལན་འདེབས་གནང་བ་ལྟར་ན། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་སུ་ཐོ་འགོད་ཡོད་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གྲངས་༢༧༦ ཡོད་པ་རེད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་ཏེ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༨ པའི་ལས་ཉིན་༥ པའི་ཞོགས་པར། གྲོས་ཚོགས་ནང་ལྷན་ཁང་ཁག་གི་ལས་བསྡོམས་སྙན་སྒྲོན་དང་འབྲེལ་བགྲོ་གླེང་གནང་སྐབས་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ལ། གཅིག སྤྱིེར་ད་ལྟ་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནས་སྟངས་ག་འདྲ་ཡོད། གཉིས། ལྷག་པར་ལ་དྭགས་དང་སྦིར་ནས་མ་ན་ལིའི་བར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཅིག་མཚུངས་ལྟར་འབྲེལ་ལམ་ཞུ་རྒྱུ་ཞེས་པ་ལྟར་འབྲེལ་ལམ་ག་དུས་གནང་ཡོད་དམ། གསུམ། བོད་དོན་རྒྱབ་སྐྱོར་ཚོགས་པ་མུ་མཐུད་དུ་གནས་ཐབས་ཀྱི་ཡིག་འབྲེལ་སོགས་གང་ཞིག་གནང་ཡོད་དམ། བཞི། གལ་སྲིད་ད་བར་དངོས་ཡོད་འབྲེལ་ལམ་ཐུབ་མེད་ཚེ་དེའི་རྒྱུ་མཚན་གང་ཡིན་ནམ། ལྔ། ལས་དོན་འཐུས་ཤོར་དང་སྣང་ཆུང་ལྷོད་གཡེང་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་དམ། དྲུག མ་འོངས་པའང་གཅིག་མཚུངས་འབྲེལ་ལམ་གནང་ཆོག་གསུང་པ་ལས་དོན་དངོས་ཕྱག་བསྟར་མི་དགོས་པ་ཞིག་ཏུ་འགྱུར་རམ་ཞེས་སྐར་རྟགས་ཅན་གྱི་དྲི་བ་ཁག་ཅིག་བཏང་བའི་ལན་དུ།
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ཀྱིས། གཅིག འདིར་ཐོ་འགོད་ཡོད་པ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གྲངས་༢༧༦ ཡོད། དེ་དག་ལ་རྒྱུན་དུ་འབྲེལ་ལམ་དམ་ཟབ་ཞུས་དང་ཞུ་མུས་ཡིན། གཉིས། རྒྱ་གར་རྒྱལ་ཡོངས་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འབྲེལ་བ་ཞུ་ཕྱོགས་གཅིག་མཚུངས་ཡོད་པ་བཞིན། ལ་དྭགས་དང་མ་ན་ལི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པར་མུ་མཐུད་འབྲེལ་ལམ་ཞུ་མུས་དང་། སྦིར་ཁུལ་དུ་ཉེ་ཆར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་བྱུང་བ་ད་ལམ་དམིགས་བསལ་གྱིས་འདི་གའི་ཐོ་གཞུང་ནང་མིང་འགོད་ཞུས་ཡོད། སླད་ཕྱིན་བོད་དོན་རྒྱབ་སྐྱོར་ཚོགས་པ་མ་བཙུགས་གོང་ས་གནས་འགོ་འཛིན་བརྒྱུད་ཕྱི་དྲིལ་ལས་ཁུངས་ལ་སྔོན་འགྲོའི་ཞིབ་འཇུག་ཆེད་སྙན་གསན་ཡོང་བ་ཞུ་རྒྱུ་ཡིན། གསུམ། བོད་དོན་རྒྱབ་སྐྱོར་ཚོགས་པ་མུ་མཐུད་དུ་གནས་ཐབས་སུ་ཡིག་འབྲེལ་དང་། ལས་འཆར། ཚོགས་འདུ། ཡིག་ཆ་འགྲེམས་སྤེལ་སོགས་བརྒྱུད་ནས་འབྲེལ་ལམ་ཞུ་མུས་ཡིན། བཞི། འབྲེལ་ལམ་ཞུ་མུས་ཡིན་པར་བརྟེན་འབྲེལ་ལམ་མ་གནང་བའི་རྒྱུ་མཚན་ཆགས་ཀྱི་མེད། ལྔ། ལས་དོན་འཐུས་ཤོར་དང་སྣང་ཆུང་ལྷོད་གཡེང་ལ་ངོས་འཛིན་ཞུ་ཡི་མེད། དྲུག མ་འོངས་པར་གཅིག་མཚུངས་འབྲེལ་བ་གནང་རྒྱུ་ཞེས་པ་མུ་མཐུད་གཅིག་མཚུངས་འབྲེལ་བ་ཞུ་རྒྱུར་གོ་དགོས་པ་ཡིན་ཞེས་ལན་འདེབས་གནང་སོང་། བང་ཆེན་དྲ་བ་ནས།།
