གླིང་
གླིང་ མཆོག་ སྤྲུལ་ རིན་ པོ་ ཆེ་ མཆོག་ ༡༩༨༥ ལོར་ འཁྲུངས་ རྗེས་ དགུང་ ལོ་ དྲུག་ ལ་ ཕེབས་ སྐབས་
བོད་ པའི་ སྤྱི་ ཚོགས་ ནང་ རྒྱུན་ རིང་ ནས་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོར་ ཆེ་ མཐོང་ དང་ བདག་ སྤྲོད་ མེད་ པར་ ལུས་ ཡོད། རིན་ པོ་ ཆེར་ བྱུང་ བའི་ གནས་ ཚུལ་ དེས་ གནས་ སྟངས་ ལ་ གློ་ བུར་ འགྱུར་ བ་ ཡོང་ རྒྱུར་ དྲན་ གསོ་ བྱས་ ཡོད། བོད་ པའི་ སྤྱི་ ཚོགས་ ནང་ སྐྱེ་ བོ་ སུ་ འདྲ་ ཞིག་ ཡིན་ རུང་ མི་ ཚེའི་ ནང་ དབང་ པོ་ ཉམས་ པ་ ཆགས་ སྲིད། དེ་ ཡང་ སྐྱེས་ མ་ ཐག་ དང་ བརྡབ་ སྐྱོན་ བྱུང་ བ། ལོ་ ན་ རྒས་ པ་ སོགས་ ལ་ བརྟེན་ ནས་ དབང་ པོའི་ ནུས་ པ་ ཉམས་ པ་ ནི་ ལྡོག་ ཏུ་ མེད། དེ་ བཞིན་ རང་ ཉིད་ ཀྱིས་ བརྩེ་ གདུང་ བྱ་ ཡུལ་ ཞིག་ དང་ སྤྱི་ ཚོགས་ ནང་ ཚང་ མས་ གུས་ བཀུར་ བྱེད་ ཡུལ་ གྱི་ མི་ གང་ ཡང་ དབང་ པོའི་ ནུས་ པ་ ཉམས་ སྲིད་ པ་ ཡིན། འཛམ་ གླིང་ འཕྲོད་ བསྟེན་ ལས་ ཁུངས་ ཀྱི་ ཚོད་ རྩིས་ ལྟར་ ན། འཛམ་ གླིང་ ནང་ དབང་ པོའི་ ནུས་ པ་ ཉམས་ པ་ མི་ ཐེར་ འབུམ་ གཅིག་ ཡོད་ པ་ དང་ ། དེས་ འཛམ་ གླིང་ མི་ འབོར་ གྱི་ བརྒྱ་ ཆ་ ༡༥ ཟིན་ ཡོད། དེའི་ གོ་ དོན་ ནི་ རྒྱལ་ ཁབ་ དང་ སྤྱི་ ཚོགས་ གང་ འདྲ་ ཞིག་ ཡིན་ རུང་ དེའི་ མི་ འབོར་ གྱི་ བརྒྱ་ ཆ་ ༡༥ དབང་ པོའི་ ནུས་ པ་ ཉམས་ པ་ ཡིན་ པའི་ བསྟན་ ཡོད། དེར་ བརྟེན། ལོ་ རེའི་ ཕྱི་ ཟླ་ ༡༢ ཚེས་ ༣ ཉིན་ འཛམ་ གླིང་ ནང་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོའི་ ཉིན་ མོར་ སྲུང་ བརྩི་ བྱེད་ ཀྱིན་ ཡོད་ པ་ དང་ ། ཉིན་ མོ་ འདིར་ བོད་ པའི་ སྤྱི་ ཚོགས་ ནང་ མི་ བརྒྱ་ ཆ་ ༡༥ དབང་ པོའི་ ནུས་ པ་ ཉམས་ པའི་ གྲས་ ཡིན་ པ་ དྲན་ གསོ་ བྱས་ ཏེ། ཁོང་ ཚོའི་ བདེ་ དོན་ ལ་ གུས་ ཞབས་ བྱ་ རྒྱུའི་ འགན་ འཁུར་ བླངས་ ཏེ། མིག་ གི་ དབང་ པོ་ ཐང་ པོ་ ཡོད་ པ་ དང་ མེད་ པ་ གཉིས་ ཀར་ སོ་ སོའི་ རེ་ བའི་ ཕུགས་ བསམ་ བསྒྲུབ་ རྒྱུར་ ཐོབ་ ཐང་ དང་ རང་ དབང་ འདྲ་ མཉམ་ ཡོད་ པར་ ཆ་ འཇོག་ བྱེད་ དགོས།
དྲི་ བ། རིན་ པོ་ ཆེ་ མཆོག་ ལ་ མཚམས་ འདྲི་ དང་ ཆབས་ ཅིག དོན་ ཚན་ གཉིས་ ལ་ བཀའ་ འདྲི་ ཞུ་ རྒྱུ་ ཡིན། ༢༠༡༢ ལོ་ ནས་ ཨ་ རིར་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོའི་ ཆེད་ ལས་ ཀ་ བྱེད་ རྒྱུ་ མགོ་ འཛུགས་ བྱས་ པ་ ཡིན། ལས་ ཀ་ དེས་ ངའི་ མདུན་ ལམ་ ལ་ འགྱུར་ བ་ ཆེན་ པོ་ ཞིག་ བཏང་ བྱུང་ ། དེ་ ནས་ བཟུང་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོའི་ ཐོབ་ ཐང་ གོང་ འཕེལ་ གཏོང་ བའི་ ལས་ དོན་ འདི་ ངའི་ མི་ ཚེའི་ ཆ་ ཤས་ ཤིག་ ཏུ་ གྱུར་ སོང་ ། ང་ ཚོ་ བོད་ དོན་ འཐབ་ རྩོད་ དང་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོའི་ ཐོབ་ ཐང་ རྩོད་ རྒྱུ་ གཉིས་ ལ་ མཚུངས་ ཆོས་ མང་ པོ་ འདུག འོན་ ཀྱང་ ང་ ཚོའི་ སྤྱི་ ཚོགས་ ནང་ གི་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོའི་ མི་ ཚེར་ ལྟ་ དུས་ ཁོང་ ཚོར་ ཆ་ རྐྱེན་ ཚད་ དང་ ལྡན་ པ་ མཁོ་ སྤྲོད་ བྱ་ རྒྱུ་ དེ་ སྣང་ མེད་ བཞག་ པའམ་ བདག་ པོ་ མེད་ པར་ ལྷག་ པའི་ མཐོང་ ཚུལ་ བྱུང་ ། བཙན་ བྱོལ་ སྤྱི་ ཚོགས་ ནང་ གི་ དགོན་ པ་ ཁག་ ཏུ་ འཁོར་ ལོར་ བརྟེན་ ཏེ་ སྐྱོད་ ཆོག་ ཡུལ་ གཅིག་ ཀྱང་ མེད་ པ་ དེ་ གཞི་ ལ་ བཞག་ སྟེ། རིན་ པོ་ ཆེ་ མཆོག་ གིས་ ད་ བར་ གདོང་ ལེན་ ཇི་ གནང་ དང་ སྐུ་ ངལ་ གང་ འཕྲད་ སྐོར་ ངོ་ སྤྲོད་ ཅིག་ གནང་ རོགས།
བཀའ་ ལན། སྤྱི་ ནོར་ ༸གོང་ ས་ སྐྱབས་ མགོན་ ཆེན་ པོ་ མཆོག་ ལམ་ རིམ་ གསུང་ ཆོས་ བསྩལ་ ཆེད་ མ་ ཕེབས་ པའི་ ཉིན་ གཅིག་ གི་ གོང་ བརྡབ་ སྐྱོན་ དེ་ བྱུང་ བ་ རེད། དེའི་ དགོང་ མོར་ བཤག་ བཅོས་ བྱས་ པ་ ཡིན། སྐབས་ དེར་ རིག་ པ་ གསལ་ ཐང་ ཐང་ ཡིན་ སྟབས་ གསུང་ ཆོས་ ཞུ་ རུ་ བཅར་ ཐུབ་ ས་ རེད་ བསམ་ པ་ ཞིག་ བྱུང་ སོང་ ། འོན་ ཀྱང་ བརྡབ་ སྐྱོན་ ལས་ དབང་ པོའི་ ནུས་ པ་ ཉམས་ ཏེ་ གསུང་ ཆོས་ ལ་ བཅར་ ཐུབ་ མ་ སོང་ ། སྨན་ པ་ ཚོས་ བཤག་ བཅོས་ བྱས་ རྗེས་ ཟླ་ བ་ གཉིས་ ཙམ་ རིང་ གོམ་ པ་ སྤོ་ རྒྱུ་ མེད་ པའི་ ལམ་ སྟོན་ གནང་ བྱུང་ ། སྨན་ ཁང་ ནས་ ཐོན་ རྗེས་ གྷོ་ ཝ་ གྲོང་ ཁྱེར་ ནང་ ཁང་ པ་ ཞིག་ གི་ འོག་ ཤོད་ ནས་ ཁང་ ཆུང་ ཞིག་ གླས་ ཏེ་ བསྡད་ པ་ ཡིན། འོན་ ཀྱང་ ཁང་ པའི་ འོག་ ཤོད་ ཡིན་ ནའང་ ཕྱི་ ལ་ འགྲོ་ སྐབས་ སྐས་ འཛེག་ བརྒྱུད་ དེ་ འགྲོ་ པ་ དང་ ། རྐང་ པར་ ནུས་ པ་ ཕྲན་ བུ་ བསླེབས་ པ་ དང་ རླུང་ གཙང་ མ་ རྔུབ་ ཆེད་ ཕྱི་ ལ་ ཐོན་ འདོད་ ཆེ་ ནའང་ ཐོན་ ཐུབ་ ཀྱི་ མི་ འདུག ལུས་ ཀྱི་ ནུས་ པ་ ཉམས་ པ་ ལ་ བརྟེན་ ནས་ ཟླ་ བ་ གཉིས་ ཙམ་ རིང་ ཁང་ པའི་ ནང་ སྡོད་ དགོས་ བྱུང་ སོང་ །
གྷོ་ ཝ་ ནས་ ལྡི་ ལིར་ མ་ ཐོན་ བར་ དཀའ་ ངལ་ ཆེན་ པོ་ བྱུང་ ། གནམ་ གྲུའི་ ནང་ ཡར་ འཛུལ་ རྒྱུ་ དང་ མར་ འབབ་ རྒྱུ། ཁང་ པར་ འཛུལ་ རྒྱུ། ལམ་ ཟུར་ དུ་ གོམ་ པ་ རྒྱག་ ས་ མེད་ པ་ དང་ ལམ་ ཟུར་ བཀག་ སྒོ་ མེད་ པ། ལམ་ ཁ་ བདེ་ བོ་ མེད་ པ་ སོགས་ ཀྱིས་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོར་ དཀའ་ ངལ་ ཆེན་ པོ་ འཕྲད་ ཀྱིན་ འདུག དེ་ ནས་ ལྡི་ ལིར་ ལོ་ གཅིག་ ཙམ་ བསྡད་ པ་ ཡིན། དེ་ དུས་ དྷ་ རམ་ ས་ ལར་ ༸གོང་ ས་ མཆོག་ གི་ གསུང་ ཆོས་ ལ་ བཅར་ འདོད་ ལན་ མང་ བྱུང་ ཡང་ འགྲོ་ འོང་ གི་ ཆ་ རྐྱེན་ མེད་ པ་ བཅས་ ཀྱིས་ དཀའ་ ངལ་ བྱུང་ ། གཞི་ རྩའི་ བརྡབ་ སྐྱོན་ བྱུང་ བ་ ནས་ བཟུང་ དཀའ་ ངལ་ མ་ བྱུང་ བ་ འདི་ རེད་ ཅེས་ བརྗོད་ རྒྱུ་ གཅིག་ ཀྱང་ མེད། ཆུང་ ཚགས་ རྐུབ་ སྟེགས་ ནས་ ལངས་ རྒྱུ་ ཡང་ དཀའ་ ངལ་ རེད།
དྲི་
བཀའ་ ལན། བརྡབ་ སྐྱོན་ བྱུང་ བ་ དེ་ སྟབས་ མ་ ལེགས་ པ་ རེད། འོན་ ཀྱང་ དེར་ བློ་ ཕམ་ གང་ ཡང་ བྱེད་ ཀྱི་ མེད། དེའི་ སྐོར་ ལ་ བསམ་ བློ་ བཏང་ ནས་ རྒྱུན་ ལྡན་ བཞིན་ འགྲོ་ ཐུབ་ རྒྱུར་ ཕན་ ཐོགས་ མེད། ཚང་ མས་ བདེ་ སྐྱིད་ ལྡན་ པའི་ མི་ ཚེ་ ཞིག་ འདོད་ ཀྱི་ ཡོད། དེ་ འདྲ་ ཞིག་ ཡོང་ བར་ ཐབས་ སྐྱོའི་ གནས་ ཚུལ་ དེའི་ སྐོར་ དྲན་ བསྡད་ པ་ ཡིན་ ན་ དེས་ བློ་ ཕམ་ ཡོང་ རྒྱུ་ ལས་ གཞན་ མེད། དེས་ སོ་ སོ་ སྤོབས་ པ་ ཞུམ་ གྱི་ རེད། ལུས་ དང་ དེ་ མིན་ དབང་ པོའི་ ནུས་ པ་ ཉམས་ པའི་ རིགས་ ལ་ ང་ ཚོར་ བཅོས་ ཐབས་ མེད་ ཀྱང་ ། ཡར་ ཐོན་ ཅན་ གྱི་ འཕྲུལ་ རིག་ དང་ མཐུན་ རྐྱེན་ གཞན། ཚན་ རིག་ དང་ སྨན་ བཅོས་ སོགས་ ཀྱི་ ཁེ་ ཕན་ ལེན་ ཐུབ་ པ་ བྱེད་ དགོས། ངོས་ ལ་ ཆ་ མཚོན་ ན་ བཤག་ བཅོས་ བྱས་ ནས་ ཉིན་ གཉིས་ སོང་ རྗེས་ ལུས་ གསོ་ ཐབས་ ལམ་ སང་ མགོ་ བཙུགས་ པ་ ཡིན། ན་ ཟུག་ དང་ དཀའ་ ངལ་ ཇི་ ཙམ་ ཡོད་ ཀྱང་ བཅོས་ ཐབས་ ཆ་ ཚང་ བྱ་ རྒྱུར་ སེམས་ ཐག་ ཆོད་ པོ་ བྱས་ སྟབས་ གང་ འཚམ་ ནས་ ལུས་ ལ་ འགུལ་ ཤུགས་ བསླེབས་ བྱུང་ །
གཞི་ རྩའི་ དབང་ པོའི་ ནུས་ པ་ ཉམས་ པ་ དང་ བརྡབ་ སྐྱོན་ བྱུང་ བ་ ཡིན་ ན། དེ་ ནས་ རྣམ་ པར་ རྒྱལ་ ཐུབ་ པའི་ སེམས་ ཤུགས་ ཡོད་ དགོས་ གལ་ ཆེན་ པོ་ རེད། ངའི་ བཤག་ བཅོས་ དང་ པོ་ དེ་ ལམ་ ལྷོང་ ལྡན་ པ་ བྱུང་ མེད། ཟླ་ བ་ དྲུག་ གི་ རྗེས་ སུ་ སླར་ ཡང་ བཤག་ བཅོས་ གཉིས་ པ་ བྱེད་ དགོས་ ཀྱི་ འདུག་ ལབ་ སོང་ ། བཤག་ བཅོས་ དེ་ ལས་ སླ་ པོ་ ཞིག་ མིན་ པ་ ཤེས་ བཞིན་ ངོས་ ལེན་ བྱས་ པ་ ཡིན། མཐའ་ མ་ དེར་ ངའི་ པུས་ མོར་ གཅུ་ གཟེར་ ༡༢ བརྒྱབ་ པ་ རེད། ང་ ཚོ་ ཚང་ མར་ བདེ་ སྐྱིད་ ལྡན་ པའི་ མི་ ཚེ་ ཡོད་ ཆོག་ པ་ དང་ ། དེ་ འདྲ་ ཞིག་ ཡོང་ ཐུབ་ པའི་ ལམ་ ཁ་ ཡོད་ ན། དེའི་ གོ་ སྐབས་ བློས་ གཏོང་ རྒྱུ་ མེད། ངོས་ རང་ གཟུགས་ ཁམས་ བདེ་ ཐང་ དང་ ལོ་ བདུན་ ཅུ་ བརྒྱད་ ཅུ་ བར་ གནས་ ཐུབ་ ཀྱི་ རེད་ བསམ་ གྱི་ འདུག སླར་ ཡང་ ལུས་ ཀྱི་ ནུས་ པ་ ཆ་ ཚང་ བ་ ཡོད་ པ་ ཞིག་ ཡོང་ འདོད་ ཡོད།
དྲི་ བ། དབང་ པོ་ ཉམས་ པ་ ཚོའི་ ཐོབ་ ཐང་ ཐོག་ ཨ་ རི་ ནི་ འཛམ་ གླིང་ ནང་ སྲོལ་ འབྱེད་ ལྟ་ བུ་ ཡིན་ པ་ དང་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོའི་ ཐོབ་ ཐང་ ཐོག་ གསེར་ ལྟ་ བུའི་ ནུས་ པ་ ཡོད་ ཅེས་ རྗོད་ ཀྱི་ ཡོད། འོན་ ཀྱང་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོར་ དབྱེ་ འབྱེད་ དང་ མིང་ ཆལ་ ད་ ལྟའང་ ཡོད་ མུས་ རེད། ཡར་ རྒྱས་ ཕྱིན་ པའི་ རྒྱལ་ ཁབ་ མང་ པོར་ དེ་ དག་ ལ་ ལྟ་ སྐྱོང་ གི་ འགྲོ་ ལུགས་ བཟང་ པོ་ མེད། ཁྱད་ པར་ དུ་ ཨེ་ ཤ་ ཡའི་ ནང་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོར་ མིང་ ཆལ་ བཟོ་ རྒྱུའི་ གོམས་ གཤིས་ ཤུགས་ ཆེན་ པོ་ ཡོད། ང་ ཚོའི་ སྤྱི་ ཚོགས་ ནང་ གནས་ ཚུལ་ དེ་ རིགས་ ཇི་ ལྟར་ འགོག་ དགོས་ པར་ མཐོང་ གི་ ཡོད།
བཀའ་ ལན། དབང་ པོ་ ཉམས་ པ་ མང་ ཆེ་ བ་ ཞིག་ ནི་ སྔར་ སྐྱེས་ དུས་ ནས་ མ་ ཡིན་ པར། རྗེས་ ཀྱི་ འཕྲལ་ རྐྱེན་ ཞིག་ ལ་ བརྟེན་ ཏེ་ གནས་ སྟངས་ དེ་ ཆགས་ ཀྱིན་ ཡོད། ངོས་ ལ་ ཆ་ མཚོན་ ན་ རླངས་ འཁོར་ བརྡབ་ སྐྱོན་ བྱུང་ བ་ ལ་ བརྟེན་ ཏེ་ གནས་ སྐབས་ རིང་ དབང་ པོའི་ ནུས་ པ་ ཉམས་ པ་ རེད། འཕྲལ་ རྐྱེན་ ཞིག་ གིས་ དབང་ པོའི་ ནུས་ པ་ ཉམས་ པའི་ གནས་ སྟངས་ ལ་ འགྱུར་ བ་ ཡོང་ གི་ རེད། གང་ ལྟར་ སྤྱི་ ཚོགས་ དང་ བྱེ་ བྲག་ ཏུ་ དབང་ པོའི་ ནུས་ པ་ ཆ་ ཚང་ ལྡན་ པ་ ཚོས་ ནུས་ པ་ ཉམས་ པ་ ཚོའི་ ཐོབ་ ཐང་ ལ་ བདག་ པོ་ བརྒྱབ་ ནས་ སྤྱི་ ཚོགས་ ནང་ འཁྲིད་ དགོས་ པ་ དང་ ། སྐྱེ་ བོ་ གཞན་ པ་ བཞིན་ གོ་ སྐབས་ གཅིག་ གྱུར་ དང་ ནུས་ པ་ ཆ་ ཚང་ ཡོད་ པའི་ ངེས་ ཤེས་ ཐོབ་ པ་ བྱེད་ དགོས། དེས་ ཁོང་ ཚོ་ ཕུགས་ རྒྱང་ རིང་ པོར་ གཞན་ ལ་ བརྟེན་ མི་ དགོས་ པར་ འཚོ་ གནས་ ཐུབ་ པ་ མ་ ཟད། སྤྱི་ ཚོགས་ ལ་ ལེགས་ སྐྱེས་ འབུལ་ ཐུབ་ མཁན་ ཆགས་ ངེས་ རེད། དེ་ རིགས་ ནི་ ང་ ཚོ་ ཐུན་ མོང་ གི་ ཁེ་ ཕན་ རེད། དབང་ པོའི་ ནུས་ པ་ ཉམས་ པ་ འགའ་ རེར་ ཚོར་ ཤེས་ དང་ ཚོར་ སྣང་ དམིགས་ བསལ་ རྣོ་ བོ་ ཡོད་ པ་ རེད་ ཅེས་ གོ་ མྱོང་ ། ཁོང་ ཚོར་ རིག་ རྩལ་ ཁྱད་ འཕགས་ ཅན་ ཡོད་ པ་ དེ་ ནི་ རིན་ ཐང་ ཆེན་ པོ་ རེད།
དྲི་ བ། ནང་ པའི་ སྤྱི་ ཚོགས་ ནང་ དབང་ པོའི་ ནུས་ པ་ ཉམས་ པ་ དེ་ ལས་ ཡིན་ པར་ ངོས་ འཛིན་ བྱས་ ཏེ། ཁོང་ ཚོར་ མིང་ ཆལ་ དང་ དབྱེ་ འབྱེད། ཐུབ་ ཚོད་ གཏོང་ བ་ སོགས་ བྱས་ ཏེ་ ཁོང་ ཚོའི་ དབང་ བོའི་ ནུས་ པ་ ཉམས་ པའི་ སྒང་ ལ་ སེམས་ ཡང་ གསོད་ ཀྱིན་ ཡོད། སྐུ་ ཉིད་ ཀྱིས་ སྐྱེ་ བོ་ ཞིག་ གི་ དབང་ པོའི་ ནུས་ པ་ ཉམས་ པ་ དེ་ ལས་ ལ་ བརྟེན་ ནས་ བྱུང་ བར་ ངོས་ འཛིན་ གནང་ གི་ ཡོད་ དམ།
བཀའ་ ལན། དབང་ པོའི་ ནུས་ པ་ ཉམས་ པ་ དེ་ སྡིག་ པའི་ ལས་ ལ་ བརྟེན་ ནས་ བྱུང་ བ་ དང་ ། སྐྱེ་ བ་ སྔོན་ མར་ སྡིག་ པའམ་ ལས་ ངན་ པ་ བསགས་ པ་ ལས་ བྱུང་ བ་ མ་ རེད་ ཅེས་ བརྗོད་ ཐུབ་ མཁན་ ཡོད་ པ་ མ་ རེད་ ལ། ངོས་ ལ་ རླངས་ འཁོར་ གྱི་ བརྡབ་ སྐྱོན་ བྱུང་ ནས་ དབང་ པོའི་ ནུས་ པ་ ཉམས་ པ་ དེ་ ངས་ སྡིག་ པའི་ ལས་ བྱས་ པ་ ལས་ བྱུང་ བ་ རེད་ ཅེས་ ཀྱང་ བརྗོད་ ཐུབ་ པ་ ཁག་ པོ་ རེད། འོན་ ཀྱང་ དབང་ པོ་ ནུས་ པ་ ཉམ་ པ་ ཚོ་ ལ་ ཁྲིམས་ ཐོག་ ནས་ ཐོབ་ ཐང་ དང་ ཐུན་ རྐྱེན་ བསྐྲུན་ དགོས་ པ་ སོགས་ ངེས་ པར་ དུ་ ཡོད་ དགོས།
དྲི་ བ། ངའི་ བསམས་ པར་ དགོན་ པ་ ཁག་ ནང་ དབང་ པོའི་ ནུས་ པ་ ཉམས་ པ་ དང་ ལོ་ ན་ བགྲེས་ པ་ ཚོར་ ཆ་ རྐྱེན་ བསྐྲུན་ དགོས་ པ་ དང་ ། སློབ་ གྲྭ་ ཁག་ ཏུའང་ དབང་ བོ་ སྐྱོན་ ཅན་ ཚོར་ སློབ་ ཕྲུག་ གཞན་ བསྐྱོད་ སར་ འགྲོ་ ཐུབ་ པའི་ ཆ་ རྐྱེན་ བསྐྲུན་ རྒྱུར་ གོམས་ པ་ སྤོ་ དགོས་ ཀྱི་ འདུག དེ་ འདྲ་ གནང་ རྒྱུར་ འགྲོ་ སོང་ ཆེན་ པོ་ ཡིན་ ཡང་ ། འཛམ་ གླིང་ དངུལ་ ཁང་ གིས་ ཚོད་ རྩིས་ བྱས་ པར། ཨར་ ལས་ ཀྱི་ མགོ་ འཛུགས་ ནས་ ཆ་ རྐྱེན་ དེ་ དག་ ཡོད་ པ་ བཟོས་ ན་ འགྲོ་ སོང་ འཕར་ མ་ བརྒྱ་ ཆ་ གཅིག་ ལྷག་ མེད་ པ་ བསྟན་ འདུག ཨ་ རིའི་ ནང་ ཆ་ མཚོན་ ན་ སྤྱི་ ཚོགས་ ཀྱི་ བེད་ སྤྱོད་ སའི་ སྡེ་ ཚན་ ཚང་ མར་ ཁྲིམས་ ཐོག་ ནས་ འགྲོ་ འོང་ སོགས་ ཆ་ རྐྱེན་ ལྡན་ པ་ བཟོ་ དགོས་ ཀྱི་ ཡོད་ པ་ རེད། བོད་ པའི་ སྤྱི་ ཚོགས་ དེ་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོར་ ཕན་ པའི་ སྤྱི་ ཚོགས་ ཤིག་ བཟོ་ རྒྱུ་ གལ་ ཆེན་ པོ་ ཡིན་ སྟབས། བོད་ པའི་ སྤྱི་ ཚོགས་ ནང་ གི་ དགོན་ པ་ དང་ སློབ་ གྲྭ གཞུང་ གི་ ལས་ ཁུངས་ སོགས་ ལ་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོར་ སྟབས་ བདེའི་ ཆ་ རྐྱེན་ བསྐྲུན་ ཐབས་ ཡོད་ དམ།
བཀའ་ ལན། ཨ་ རིའི་ ནང་ བསྐྱོད་ སྐབས་ འགྲུལ་ བཞུད་ མེ་ འཁོར་ འབབ་ ཚིགས་ ནང་ ཡར་ འདེགས་ སྐས་ འཛེག་ དང་ མེ་ འཁོར་ དང་ སྤྱི་ སྤྱོད་ རླངས་ འཁོར་ སོགས་ ལ་ དབང་ པོའི་ ནུས་ པ་ ཉམས་ པ་ དང་ ལོ་ ན་ བགྲེས་ པ་ ཚོར་ དམིགས་ བསལ་ རྐུབ་ སྟེགས་ ཟུར་ བཅད་ འདུག ཉེ་ དུས་ སན་ ཧྥི་ རན་ སིས་ ཁོའི་ ཉི་ ཧོང་ གི་ ཇའི་ ལྡུམ་ ར་ ཞེས་ པར་ སྐྱོད་ སྐབས་ ངས་ འཁར་ རྒྱུགས་ བེད་ སྤྱོད་ བྱེད་ ཀྱི་ ཡོད་ སྟབས་ ལག་ འཁྱེར་ ཉོ་ དགོས་ ཀྱི་ མི་ འདུག དེ་ དག་ ནི་ ཨ་ རིའི་ ནང་ མཐོང་ བའི་ ཉམས་ ལེན་ བཟང་ པོ་ འགའ་ ཞིག་ རེད། རྒྱ་ གར་ ནང་ དགོན་ པ་ ཚོ་ འགྲོ་ འོང་ སོགས་ ཀྱི་ ཆ་ རྐྱེན་ ལྡན་ པ་ བཟོ་ རྒྱུར་ བོད་ མིའི་ སྒྲིག་ འཛུགས་ ཀྱི་ ཆོས་ རིག་ ལས་ ཁུངས་ བརྒྱུད་ ནས་ ཡོང་ དགོས་ པ་ དང་ ། ཆོས་ རིག་ ལས་ ཁུངས་ ལ་ བཙན་ བྱོལ་ ནང་ ཡོད་ པའི་ བོད་ ཀྱི་ དགོན་ སྡེ་ ཚོར་ བཀའ་ ཁྱབ་ གཏོང་ རྒྱུའི་ དབང་ ཚད་ ཡོད་ པས་ བོད་ མིའི་ སྒྲིག་ འཛུགས་ ཀྱི་ ལམ་ སྟོན་ ལ་ དགོན་ པ་ གྲྭ་ ཚང་ ཚོས་ གུས་ བརྩི་ གནང་ གི་ རེད་ བསམ་ གྱི་ འདུག
མཐའ་ མ་ དབང་ པོ་ ཉམས་ པ་ ཚོའི་ ཐོབ་ ཐང་ དང་ དེ་ མིན་ ཐོབ་ ཐང་ གཞན་ ཅི་ འདྲ་ ཞིག་ ཡིན་ རུང་ ཁ་ ཁུ་ སིམ་ པོར་ གནས་ ཐབས་ མེད། ཨ་ རིའི་ ནང་ མི་ རིགས་ དཀར་ ནག་ དང་ ཆོས་ ལུགས་ འདྲ་ མཉམ་ སོགས་ ཀྱི་ ཐོབ་ ཐང་ ཆེད་ འཐབ་ རྩོད་ བྱེད་ ཀྱིན་ ཡོད། ངའི་ ཡིད་ ཆེས་ ལ་ སོ་ སོའི་ ཐོབ་ ཐང་ སོ་ སོས་ རྩོད་ དགོས་ པ་ དང་ ། ལྷག་ པར་ དུ་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོའི་ ཐོབ་ ཐང་ ཐད་ གཞན་ པ་ ཚོས་ འགན་ འཁུར་ ལེན་ རྒྱུ་ གལ་ ཆེན་ པོ་ རེད། འོན་ ཀྱང་ དང་ པོ་ དབང་ པོའི་ ནུས་ པ་ ཉམས་ པ་ ཚོ་ མདུན་ དུ་ ཐོན་ ནས་ རྩོད་ དགོས། འཛམ་ གླིང་ ནང་ དཀའ་ ངལ་ སེལ་ མ་ ཐུབ་ པའི་ གནད་ དོན་ གང་ ཡང་ མེད། ངའི་ ཡིད་ ཆེས་ ལ་ དཀའ་ ངལ་ ཚང་ མར་ ཐབས་ ལམ་ ཡོད་ པ་ རེད་ བསམ་ གྱི་ འདུག
མཇུག་ གི་ གཏམ། ང་ ཚོའི་ སྤྱི་ ཚོགས་ ཀྱི་ འཕེལ་ རྒྱས་ དེ་ ནུས་ པ་ ཞན་ པའི་ མི་ མང་ ལ་ བདག་ པོ་ རྒྱག་ ཐུབ་ མིན་ ལ་ རག་ ལས་ ཡོད་ པ་ དང་ ། སྐྱེ་ བོ་ ཞིག་ གིས་ སྤྱོད་ ཚུལ་ ངོ་ མ་ དེ་ རང་ ཉིད་ ལས་ གནས་ སྟངས་ ཞན་ པ་ ཞིག་ ལ་ རོགས་ སྐྱོར་ བྱེད་ ཐུབ་ མིན་ ནས་ ཚད་ འཇལ་ དགོས། ད་ ལྟའི་ བར་ དུ་ དབང་ པོ་ སྐྱོན་ ཅན་ ཚོས་ སྤྱི་ ཚོགས་ ཐོག་ ངོ་ ཚ་ ཉོས་ པ་ དང་ ། མཐོང་ ཆུང་ ཁྱད་ གསོད་ བཟེད་ པ། སེམས་ ལ་ བཀའ་ ངལ་ འཕྲད་ པ་ བཅས་ ང་ ཚོས་ གཅིག་ གིས་ གཅིག་ ལ་ རྔན་ པ་ སྤྲད་ པ་ དང་ དགོངས་ དག་ ཞུས་ པ་ ཡིན་ ན་ ཡང་ དག་ ཅིག་ མ་ རེད། ང་ ཚོས་ བྱེད་ ཐུབ་ པ་ དེ་ ནི་ མི་ སྒེར་ སོ་ སོས་ དབང་ པོའི་ ནུས་ པ་ ཉམས་ པའི་ སྐྱེ་ བོ་ ཞིག་ གི་ གཞི་ རིམ་ འགྲོ་ བ་ མིའི་ ཐོབ་ ཐང་ སྲུང་ སྐྱོབ་ དང་ གོང་ འཕེལ་ གཏོང་ རྒྱུར་ མདུན་ སྐྱོད་ ཀྱི་ ཆོད་ སེམས་ དང་ དམ་ བཅའ་ འཇོག་ དགོས་ པ་ མ་ ཟད། གནད་ དོན་ དེ་ གཞི་ རྒྱ་ ཆེ་ བའི་ སྒྲོམ་ གཞིའི་ ནང་ འཇོག་ དགོས། བྱམས་ བརྩེ་ དང་ ཞི་ བའི་ རིག་ གཞུང་ ནང་ གནད་ དོན་ དེ་ འཇོག་ མ་ ཐུབ་ པ་ ཡིན་ ན་ བདེ་ སྐྱིད་ དང་ གུས་ བཀུར། བཟོད་ བསྲན་ ལྡན་ པའི་ སྤྱི་ ཚོགས་ བསྐྲུན་ རྒྱུའི་ དམིགས་ དོན་ བསྒྲུབ་ ཐུབ་ པ་ དཀའ། ཁོང་ ཚོའི་ ཐོབ་ ཐང་ ནི་ ང་ ཚོས་ འཐབ་ རྩོད་ བྱེད་ བཞིན་ པའི་ རང་ དབང་ དང་ ཐོབ་ ཐང་ གི་ མཁའ་ རླུང་ ལས་ གལ་ ཆེ་ བ་ མིན་ ནའང་ ཛ་ དྲག་ ཆུང་ བ་ མིན། ང་ ཚོའི་ སྤྱི་ ཚོགས་ དེ་ ཡང་ དག་ པ་ ཞིག་ མ་ བྱུང་ བར་ ང་ ཚོའི་ མཐའ་ མའི་ དམིགས་ ཡུལ་ བསྒྲུབ་ རྒྱུར་ ལམ་ ལྷོང་ ཡོང་ རྒྱུ་ མིན་ པ་ དང་ ། ཡང་ དག་ པའི་ སྤྱི་ ཚོགས་ དེའི་ སྐྱེ་ བོ་ ཚང་ མ་ ལ་ བདེ་ སྐྱིད་ དང་ དོན་ ལྡན་ གྱི་ མི་ ཚེ་ སྐྱེལ་ ཆོག་ པ་ ཡིན།
བསྟན་ འཛིན་ བདེ་ སྐྱིད་ ཀྱིས་ བཅར་ འདྲི་ ཞུས། ཟླ་ བ་ དར་ རྒྱས་ ཀྱིས་ བོད་ ཡིག་ ཏུ་ ཕབ་ བསྒྱུར་ བྱས།
དུས་བབ་དྲ་བ་ནས་བླངས།
