བལ་ཡུལ་དང་རྒྱ་གར་གཉིས་ཀྱི་ཧིན་རྡུའི་ས་ཁུལ་ཁག་ཅིག་གི་ནང་ལོ་ལྔ་རེའི་མཚམས་སུ་ལྷ་མོ་གྷ་ངྡི་མཱ་ཡི་དུས་མཆོད་ཕུལ་སྲོལ་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་༡༡ པའི་ཚེས་༢༨ དང་༢༩ ཉིན་གཉིས་ཀྱི་རིང་ཧིན་རྡུའི་ལྷ་ཁང་ཁག་གི་ནང་དུ་མ་ཧེ་དང་ར། བྱ་ཕོ་སོགས་ཁྲི་ཕྲག་མང་པོ་སྡེབ་གཅིག་ཏུ་དམར་གསོད་བཏང་སྟེ། མཆོད་འབུལ་དུས་ཆེན་དེའི་ཉིན་ནི་འཛམ་གླིང་ཐོག་དུད་འགྲོ་སྡེབ་གསོད་ཆེ་
ཧིན་རྡུ་དད་ལྡན་མང་ཚོགས་ཀྱིས་བལ་ཡུལ་ནང་གི་ཆོས་ལུགས་སྤྱིའི་བརྒྱ་ཆ་༨༠ ཙམ་ཟིན་ཡོད་ཅིང་། ཁྱིམ་བྱ་ཕོ་དང་། མ་ཧེ། ར་གསུམ་ལྷ་ཁང་དང་རང་ཁྱིམ་དུ་དམར་མཆོད་ཕུལ་རྒྱུ་དེ་བལ་ཡུལ་ནང་དར་སྲོལ་ཆེན་པོར་གྱུར་ཡོད། བལ་ཡུལ་གྱི་རྒྱལ་ས་ཀ་ཏི་མཎ་ཀྲུའི་ལྷོ་ཕྱོགས་སུ་ཡོད་པའི་བྷ་ར་རྫོང་ས་ཁུལ་དུ་ལྷ་མོ་གྷ་ངྡི་མཱ་ཡི་དམར་མཆོད་བྱེད་མཁན་མི་འབོར་ས་ཡ་ལྔ་ཙམ་དང་། རྒྱ་གར་གྱི་མཐའ་མཚམས་མངའ་སྡེ་བྷི་ཧར་དང་ཨུ་ཏར་མངའ་སྡེའི་ས་ཁུལ་དུའང་ལྷ་མོ་གྷ་ངྡི་མཱ་ཡི་དུས་ཆེན་གྱི་ཉིན་དེར་དམར་མཆོད་བྱ་སྲོལ་ཡོད།
རྒྱ་གར་དང་བལ་ཡུལ་གྱི་ས་ཁུལ་དེ་དག་གི་ནང་དུ་ཉིན་གཉིས་ཀྱི་དམར་མཆོད་དུས་ཆེན་སྐབས་ཀྱི་ཉིན་དང་པོར་མ་ཧེའི་དམར་མཆོད་དང་། ཉིན་མཐའ་མར་རའི་དམར་མཆོད་བྱེད་དེ། ཁྱོན་ཉིན་གཉིས་རིང་དུད་འགྲོའི་ཁྲི་ཕྲག་མང་པོའི་ཚེ་སྲོག་བཅད་དེ་དུས་མཆོད་སྲུང་བརྩི་བྱེད་བཞིན་ཡོད།
དེ་བཞིན་བལ་ཡུལ་གཞུང་ཕྱོགས་ནས་ཚོད་རྩིས་བྱས་པ་ལྟར་ན། བལ་ཡུལ་ས་ཁུལ་དུ་མ་ཧེ་ཁྲི་གཅིག་དང་ར་གྲངས་འབུམ་གཅིག་དང་ཁྲི་ལྔ་ཙམ་འདི་ལོའི་མཆོད་འབུལ་སྐབས་དམར་གསོད་བཏང་ཡོད་ཀྱང་། ཐེངས་སྔོན་པའི་དམར་མཆོད་སྐབས་ཀྱི་༢༠༠༩ ལོ་དང་བསྡུར་ན་དུད་འགྲོ་དམར་གསོད་ཀྱི་གྲངས་ཀ་ཉུང་དུ་སོང་ཡོད། ལོ་དེར་དུད་འགྲོའི་རང་དབང་ཐོབ་ཐང་ཆེད་ཕན་ནུས་ལྡན་པའི་ལས་འགུལ་ཅི་ཙམ་སྤེལ་མིན་ལ་མ་ལྟོས་པར། མ་ཧེ་གྲངས་ཁྲི་གཉིས་དང་ར་འབུམ་གཉིས་ལྷག་སྡེབ་གསོད་བྱས་ཡོད། ཐེངས་འདིའི་དུས་ཆེན་སྐབས་ཤན་པ་༤༠༠ ལྷག་ལ་གྷ་ངྡི་མཱའི་དུས་ཆེན་འཛིན་སྐྱོང་དང་ཡར་རྒྱས་ཚོགས་ཆུང་གིས་ཆོག་མཆན་ལག་ཁྱེར་སྤྲད་ཡོད་འདུག
སེམས་ཅན་དུད་འགྲོ་དེ་དག་གིས་སྲོག་གཅོད་པའི་སྡུག་བསྔལ་གཅིག་པུ་མྱོང་དགོས་པ་ཞིག་མ་ཡིན་པར། དེ་ལས་ཀྱང་ཉིན་གཉིས་དང་གསུམ་གྱི་ལམ་ཐག་རིང་པོའི་བར་ཟས་ཆུ་ཁམ་གང་ཙམ་ཡང་མེད་པར་རྐང་ཐང་དུ་དེད་དེ་ཡོང་བའི་དཀའ་ངལ་འོག དུད་འགྲོ་དམར་གསོད་དུས་ཆེན་དངོས་སུ་ཚེས་སྐབས་ཁོང་ཚོའི་ཚེ་སྲོག་ཕྱེད་ཀ་ཤོར་ཟིན་ཡོད་ཅིང་། དུད་འགྲོའི་རང་དབང་རྩོད་ལེན་མི་སྣས་བལ་ཡུལ་དང་རྒྱ་གར་གྱི་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་ཏེ། དམར་གསོད་མཚམས་འཇོག་དགོས་པའི་འབོད་སྐུལ་ཐེངས་མང་བྱས་ཀྱང་། ཁྲིམས་ཁང་ནས་སྔར་སྲོལ་ལྟར་དུད་འགྲོ་སྡེབ་གསོད་མི་ཆོག་པའི་ཁྲིམས་ལུགས་མུ་མཐུད་ལག་བསྟར་དགོས་སྐོར་བརྗོད་པ་ཙམ་ལས། ཆོས་ལུགས་མཆོད་འབུལ་གྱི་ལམ་སྲོལ་ངན་པ་དེ་གཞུང་སྒེར་སུས་ཀྱང་བཀག་འགོག་བྱེད་ཐུབ་ཀྱི་མེད་པ་རེད།།
གསར་འགོད་པ་བསྟན་འཛིན་ཟླ་བ།
བང་ཆེན་དྲ་བ་ནས།།
