རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

སློབ་གྲྭ་རྩིས་ལེན་བྱས་རྗེས་CST དགེ་རྒན་གྱི་གླ་ཆ་དེ་རང་འཇག་སྤྲད་ཐུབ་དགོས།

ཟླ་འདིའི་ཕྱི་ཚེས་༢ ཉིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་། རྒྱ་བལ་གཉིས་ཀྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་༣༠༢ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པ་དེ་འཚོགས་ཡོད་པ་དང་། ཕྱི་ཚེས་༥ ཉིན་འདི་གའི་གསར་འགོད་པས་ཐེངས་འདིའི་ཟབ་སྦྱོང་ཐོག་བཅར་བའི་དགེ་རྒན་ཁག་ཅིག་ལ་སློབ་གྲྭའི་གནས་སྟངས་དང་། ཤེས་ཡོན་སོགས་ཀྱི་ཐད་ནས་བཅར་འདྲི་བྱས་ཡོད།
LobsangDhargyeརྒྱ་གར་ཧུན་སོར་གཞིས་ཆགས་ཀྱི་བོད་སློབ་འཛིན་ཚོགས་(CST) གུ་རུ་པུ་རཱ་སློབ་གྲྭའི་དགེ་རྒན་སློབ་བཟང་བསྟན་རྒྱས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་དགེ་རྒན་ཡག་པོ་མེད་པའི་གནས་སྟངས་སྐོར་གསུངས་དོན། “དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་གཏན་འཇགས་དགེ་རྒན་བསྐོ་བཞག་མ་བྱས་པར་འཕྲལ་སེལ་དགེ་རྒན་བསྐོ་བཞག་བྱས་པས། དགེ་རྒན་ཡག་པོ་རག་གི་མེད་པ་རེད། དེ་མིན་དགེ་རྒན་མང་ཆེ་བ་དེ་ཕྱི་རྒྱལ་ལ་འགྲོ་ཡི་འདུག དེའི་རྒྱུ་མཚན་ལྟོ་གོས་ཀྱི་དཀའ་ངལ་སེལ་ཕྱིར་རེད་བསམ་གྱི་ཡོད། དཀའ་ངལ་དེ་སེལ་ཕྱིར་ཤེས་རིག་དང་། བོད་ཁྱིམ་སློབ་གྲྭ་ཁག་གིས་དགེ་རྒན་ལ་གླ་ཆ་དེ་ཚད་དང་ལྡན་པ་ཞིག་སྤྲད་དགོས་རེད་བསམ་གྱི་ཡོད། ག་རེ་རེད་ཟེར་ན་རྒྱ་གར་དབུས་གཞུང་གི་གླ་ཆའི་འགྲོ་སྟངས་ལ་བལྟས་ཡོང་ན། དགེ་རྒན་དེ་སྡེ་ཚན་གཞན་ལས་གནས་རིམ་མཐོ་བ་ཡོད་རེད་ལ། གླ་ཆ་ཡང་གཞན་ལས་མཐོ་བ་ཡོད་པ་རེད། དེར་བརྟེན་ང་ཚོས་ཀྱང་དགེ་རྒན་གྱི་གླ་ཆ་དེ་གཞུང་ཞབས་ལས་མ་མཐོ་ནའང་དེ་ལས་སྐྱོ་བ་བྱེད་ཉན་གྱི་མི་འདུག དེ་བཞིན་རྒྱལ་ཁབ་མང་པོར་དགེ་རྒན་གྱི་ཕོགས་རིམ་དེ་མཐོ་བའི་གྲལ་དུ་ཡོད་རེད། དེར་བརྟེན་ཤེས་རིག་དང་བོད་ཁྱིམ་དེ་ཚོར་དགེ་རྒན་སྤུས་དག་མི་རག་པའི་དཀའ་ངལ་འཕྲད་དགོས་དོན་དེ་རེད་བསམ་གྱི་ཡོད། CST ནང་ལ་དགེ་རྒན་མང་ཆེ་བ་བསྡད་ཡོད་རེད། ང་ཚོ་བོད་པའི་དགེ་རྒན་མང་ཆེ་བ་རྒན་ཡོལ་ཕྱིན་ནས་གསར་པ་བསྐོ་བཞག་མ་བྱས་པའི་དཀའ་ངལ་ཙམ་ཡོད་པ་རེད་”ཅེས་གསུངས་སོང་།
ཁོང་གིས་བོད་སློབ་འཛིན་ཚོགས་འོག་ཏུ་ཡོད་པའི་སློབ་གྲྭ་ཁག་བོད་མིའི་སྒྲིག་སྒྲིག་ལ་རྩིས་སྤྲོད་སྐོར་གསུངས་དོན། “མ་འོངས་པར་སློབ་གྲྭ་རྩིས་སྤྲོད་རྩིས་ལེན་བྱས་རྗེས་CST དགེ་རྒན་གྱི་གླ་ཆ་དེ་རང་འཇགས་སྤྲོད་ཐུབ་དགོས་རེད་བསམ་གྱི་ཡོད། རྒྱ་གར་གཞུང་གིས་འགྲོ་སོང་གཏོང་གི་ཡོད་རེད། གང་བཏང་བ་དེ་དགེ་རྒན་ལ་སྤྲད་པ་ཡིན་ན་དགེ་རྒན་དེ་ཚོ་མུ་མཐུད་འདུག་ཐུབ་ཀྱི་རེད། དེ་མ་ཡིན་པར་རྒྱ་གར་གཞུང་གིས་བཏང་་ཡོང་བའི་དངུལ་ཆ་ཚང་མ་སྤྲད་པ་ཡིན་ན་དཀའ་ངལ་དེ་མུ་མཐུད་འཕྲད་ཀྱི་རེད་ཅེས་”བརྗོད་བྱུང་།
LhakpaTseringམ་སུ་རི་བོད་ཁྱིམ་གྱི་དགེ་རྒན་ལྷག་པ་ཚེ་རིང་ལ་སློབ་གྲྭའི་གནས་སྟངས་སྐོར་བཅར་འདྲི་བྱས་པར། ཁོང་གིས་“ང་ཚོའི་སློབ་གྲྭ་ཡིན་ན་སློབ་གྲྭ་དང་ཤོས་ཀྱི་གྲལ་རེད། ང་ཚོའི་གཞུང་ཡང་དང་པོ་ཕ་གིར་བཙུགས་པ་རེད། ཕྲུ་གུ་ཡིན་ན་སྟོང་གཅིག་དང་ལྔ་བརྒྱ་ལྷག་ཙམ་ཡོད་རེད། འགོ་སྟོད་ཡིན་ན་བརྒྱ་ཆ་༩༩ བོད་ནས་རེད། ད་ལྟ་བརྒྱ་ཆ་༨༠ ཙམ་ཞིག་བོད་ནས་རེད། དེ་འཕྲོས་ཚང་མ་ཧི་མ་ལ་ཡའི་ས་མཚམས་ཁག་དང་རྒྱ་གར་ནང་ཡོད་པའི་མི་རིགས་གཞན་གྱི་ཕྲུ་གུ་དེ་འདྲ་སླེབས་བསྡད་ཡོད་རེད། སློབ་གྲྭའི་གནས་སྟངས་དེ་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་སྤྱི་མཚུངས་འདྲ་བོ་ཕྱི་རྒྱལ་རོགས་ཚོགས་ལ་བརྟེན་ནས་གནས་ཡོད་པ་གཅིག་པ་རེད། སློབ་གྲྭ་གཞན་ཚོ་གཅིག་པ་འདྲ་པོ་ཡིན་གྱི་རེད། ང་རང་ཚོར་གང་བྱུང་བ་དེ་ཚོ་ཤ་ཁུ་ཤ་ལ་ཐིམ་པའི་དཔེ་ལྟར་སློབ་ཕྲུག་གི་ཤེས་ཡོན་ཐོག་ལ་བཏང་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱས་ནས་གྲུབ་འབྲས་ཡང་མི་དམན་པ་ཐོབ་ཡོད་རེད། ཉེ་བའི་ལོ་གཅིག་གཉིས་ནང་དགའ་ལྡན་ཕོ་བྲང་གི་སློབ་ཡོན་བྱ་དགའ་དང་། སྲིད་སྐྱོང་སློབ་ཡོན་གྱི་བྱ་དགའ་དེ་ཚོ་ཚང་མ་མ་སུ་རི་བོད་ཁྱིམ་ལ་ཐོབ་བསྡད་པ་དེ་འདྲ་བྱུང་ཡོད་རེད། དེར་བརྟེན་སློབ་གྲྭའི་གནས་སྟངས་དེ་ཚོ་བརྒྱ་ཐམ་པའི་གྲལ་མགོར་མ་སླེབས་ནའང་སྟོང་ཐམ་པའི་གྲལ་མཇུག་ལ་ལུས་ཡོད་མ་རེད་བསམ་གྱི་ཡོད་”ཅེས་བརྗོད་བྱུང་།
ཡང་ཁོང་གིས་ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་ནས་གསུང་དོན། “དེ་རིང་འདིར་ཤེས་རིག་ལས་ཁུངས་ཀྱིས་ཕྲུ་གུ་ཚོར་མ་འོངས་པར་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་འདུགངས་འདིར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་བུ་བརྒྱད་དང་བུ་མོ་བརྒྱད་བཅས་ཁྱོན་ཕྲུ་གུ་༡༦ ཁྲིད་ནས་བཅར་བ་ཡིན། མ་འོངས་པར་ཟབ་སྦྱོང་འདི་འདྲ་གནང་བ་ཡིན་ན་ཕྲུ་གུ་ཉུང་ཙམ་བྱུང་ན་ཡག་པོ་མེད་འགྲོ་བསམ། གྲངས་འབོར་ལས་སྤུས་ཚད་ལ་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་འདུགགྲངས་འབོར་མང་པོ་ཡོད་ན་གང་ཅིའི་ཐད་དཀའ་ངལ་འདུག ཕྲུ་གུ་གྲངས་ཉུང་བ་སྤུས་དག་པོ་ཞིག་ལ།ཟམ་གདོང་རིན་པོ་ཆེ་འདྲ་བོ་དངོས་གནས་མཁྱེན་རྒྱ་ཡོད་མཁན་དེ་འདྲས་ཟབ་ཁྲིད་གནང་ན་དགེ་མཚན་ཆེན་པོ་འདུག་”ཅེས་བརྗོད་བྱུང་།
མཐར་ཁོང་གིས་དེང་སང་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཡོང་མཁན་མེད་པའི་དཀའ་ངལ་སྐོར་གསུང་དོན། “དེང་སང་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་མང་པོ་མེད་པའི་དཀའ་ངལ་ཤུགས་ཆེན་པོ་ཆགས་ཡོང་གི་འདུག སྔོན་མ་ཡིན་ན་གོང་དུ་ཞུས་པ་བཞིན་བརྒྱ་ཆ་༩༩ དེ་བོད་ནས་རེད། ད་ལྟ་རྒྱ་མིས་བཙན་བཀག་བྱས་ནས་བོད་པའི་ཕྲུ་གུ་ཚུར་མི་གཏོང་བ་དང་། དེ་བཞིན་གཞིས་ཆགས་ཀྱི་མི་མང་པོ་ཞིག་ཕྱི་རྒྱལ་ཁག་ལ་ཕྱིན་ནས་ཕར་གཞིས་ཆགས་འགྲོ་ཡི་ཡོད་པས། བཙན་བྱོལ་ནང་གི་སློབ་གྲྭ་ཁག་ལ་སློབ་ཕྲུག་གི་གྲངས་ཚད་ཉུང་དུ་ཕྱིན་ནས་ས་མཚམས་ཁག་ནས་ཕྲུ་གུ་མང་པོ་བསྡུ་དགོས་པའི་གནས་སྟངས་དེ་འདྲ་ཆགས་ཡོིང་གི་འདུག་”ཅེས་བརྗོད་བྱུང་།
LhakpaTenzinབལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་རྒན་ལྷག་པ་བསྟན་འཛིན་གྱིས་སློབ་གྲྭའི་སྐོར་གསུངས་དོན། “ང་ཚོ་རྣམ་རྒྱལ་མཐོ་སློབ་དེ་བལ་ཡུལ་ནང་བོད་པའི་སློབ་གྲྭ་འཛིན་གྲྭ་བཅུ་གཉིས་ཡོད་པའི་སློབ་གྲྭ་གཅིག་པུ་དེ་རེད། ཚོང་རིགས་དང་འབྱུང་རིགས་སྡེ་ཚན་ཞེས་གཉིས་ཡོད་རེད། ད་ལྟའི་ཆར་སློབ་ཕྲུག་༣༧༠ ཙམ་དང་དགེ་ལས་ཁྱོན་༥༦ ཙམ་ཡོད། ཀ་ཐ་མིན་གྲུའི་ཁྱབ་ཁོངས་ལ་སློབ་གྲྭ་བཞི་ཡོད་རེད། སྤྱིར་བཏང་ང་ཚོ་ཤེས་རིག་དང་གངས་ཅན་བདེ་རྩའི་ཁྱབ་ཁོངས་ཡིན་པ་ལ་འཚོ་བ་དེ་རང་སྐྱོང་ཆགས་ཀྱི་ཡོད་རེད། དེང་སང་ཕྱི་རྒྱལ་གྱི་སྦྱིན་བདག་དེ་ཚོ་དཀོན་དུ་འགྲོ་བཞིན་པར་བརྟེན། སློབ་གྲྭའི་དབུ་འཛིན་རང་གིས་འགན་ཁུར་ནས་དཔལ་འབྱོར་མཁོ་སྒྲུབ་བྱེད་དགོས་པས། སྐབས་རེ་དགེ་རྒན་གྱི་སློབ་ཡོན་འཕར་གྱི་ཡོད་ཙང་དཔལ་འབྱོར་གྱི་དཀའ་ངལ་ཏོག་ཙམ་ཡོང་གི་ཡོད་རེད་”ཅེས་བརྗོད་སོང་།
ཁོང་གིས་སློབ་གྲྭ་མང་པོར་ཕྲུ་གུ་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་སྐོར་གསུང་དོན། “སློབ་ཕྲུག་མེད་པའི་དཀའ་ངལ་འཕྲད་ཡོང་གི་འདུག ང་ཚོ་བོད་པ་མང་པོ་ཕྱི་རྒྱལ་ལ་འགྲོ་ཡི་ཡོད་པས་དམིགས་བསལ་བོད་པའི་ཕྲུ་གུ་གྲངས་ཉུང་དུ་འགྲོ་ཡི་འདུག ང་ཚོའི་སློབ་གྲྭར་ཆ་བཞག་པ་ཡིན་ན་བརྒྱ་ཆ་༥༠ དེ་ས་གནས་མི་རིགས་ཀྱི་ཕྲུ་གུ་ཆགས་ཡོད་རེད། བོད་པའི་ཕྲུ་གུ་ལོ་རེ་ནས་ཉུང་དུ་འགྲོ་བ་མ་ཟད་དེང་སང་སློབ་གྲྭའི་ནང་ཕྲུ་གུ་གཏོང་མཁན་གྱི་གྲངས་ཀ་ཉུང་དུ་འགྲོ་བཞིན་པ་འདི་སྤྱི་ཡོངས་ཀྱི་དཀའ་ངལ་ཞིག་རེད་འདུག་”ཅེས་བརྗོད་སོང་།
མཐར་ཁོང་གིས་ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་ནས། “ང་ཟབ་སྦྱོང་འདི་འདྲར་ཐེངས་ཁ་ཤས་ལ་བཅར་བ་ཡིན། དེ་རིང་གི་ཟབ་སྦྱོང་གི་བརྗོད་གཞི་དེ་ཚོ་ཡག་པོ་འདུགཡིན་ན་ཡང་འཛིན་གྲྭ་བཅུ་པའི་ཕྲུ་གུ་ལོ་བཅུ་དྲུག་དང་བཅུ་བདུན་ཙམ་རེད། བརྗོད་གཞི་ཁ་ཤས་ཟབ་དྲགས་པའི་སྐྱོན་འདུག དམིགས་བསལ་བལ་ཡུལ་ཁུལ་ལ་ཡིན་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་སྔོན་ལ་གོ་རྟོགས་སྐྱོ་བོ་ཡིན་པས་གོ་བ་ལོན་པར་དཀའ་ལས་འདུག་ལབ་ཀྱི་འདུག་”ཅེས་བརྗོད་བྱུང་།
NgawangDhargyeབལ་ཡུལ་སྤོག་ར་SOS སློབ་གྲྭའི་དགེ་རྒན་ངག་དབང་དར་རྒྱས་ཀྱིས་སློབ་གྲྭའི་གནས་སྟངས་སྐོར་ངོ་སྤྲོད་གནང་སྐབས། “སྤོག་ར་ཁུལ་གྱི་མཐོ་རིམ་འཛིན་གྲྭ་གཅིག་པུ་དེ་རེད། སློབ་གྲྭ་འདི་ས་གནས་མི་མང་གི་ཨ་མ་རྗེ་བཙུན་པད་མར་ང་ཚོ་ཡོད་ས་འདིར་མཐོ་རིམ་འཛིན་གྲྭ་ཞིག་འཛུགས་ཐུབ་ན་ཡག་པོ་འདུག་ཞུས་ནས།ཨ་མ་ལགས་ཀྱིས་sos རྒྱལ་ཡོངས་ལ་ཞུས་ནས་སློབ་གྲྭ་དེ་བརྒྱབ་པ་རེད། ང་ཚོའི་སློབ་གྲྭར་མཐོ་རིམ་འཛིན་གྲྭ་བརྒྱད་པ་ནས་བཅུ་གཉིས་བར་ཡོད་རེད། ཕྲུ་གུ་༣༠༠ མ་ཟིན་ཙམ་ཡོད་པ་དེ་ང་ཚོ་བོད་ཕྲུག་གཅིག་པུ་མ་ཡིན་པར་མི་རིགས་གསུམ་འདྲ་བོ་ཆགས་ཡོད་རེད། བོད་པ་དང་། ཧི་མ་ལ་ཡའི་མི་རིགས། དེ་བཞིན་བལ་ཡུལ་ས་གནས་ཡུལ་མིའི་ཕྲུ་གུ་བཅས་ཡོད་རེད་”ཅེས་བརྗོད་བྱུང་།
ཁོང་ལ་སློབ་གྲྭའི་དགེ་རྒན་གྱི་གནས་སྟངས་སྐོར་དྲིས་པར། ཁོང་གིས་“དགེ་རྒན་མེད་པའི་དཀའ་ངལ་ཆེན་པོ་ཆགས་པ་མ་ཟད་ང་ཚོ་ལ་ད་ལྟའི་ཆར་སློབ་གྲྭའི་དབུ་འཛིན་ཡོད་པ་མ་རེད། ད་ཆ་སློབ་གྲྭ་དེ་སློབ་གྲྭའི་འཛིན་སྐྱོང་ཚོགས་པ་དེས་ལྟ་རྟོག་བྱེད་ཀྱི་ཡོད་རེད། སློབ་སྤྱིའི་ས་མིག་སྟོང་པ་བཞག་ཡོད་རེད། ང་ཚོ་བོད་པའི་སློབ་གྲྭ་ཡིན་པས་ཕྲུ་གུ་ཡིན་ནའང་རེད། བརྒྱ་ཤོག་ཁག་གི་འགན་འཛིན་ཡིན་ན་ཡང་རེད། ཚང་མས་དབུ་འཛིན་དེ་བོད་པ་ཞིག་བྱུང་ན་ཡག་པོ་འདུག་ཟེར་ནས་ཤུགས་རྒྱག་བཞིན་པ་རེད། ང་ཚོའི་སློབ་གྲྭ་དེ་ཕྱོགས་གསུམ་འདྲ་བོ་ཆགས་ཡོད་རེད། ང་ཚོ་བོད་གཞུང་གི་ཁྱབ་ཁོངས་རེད་ལབ་དགོས་ན་ཆ་ཚང་ཆགས་ཡོད་པ་མ་རེད། གང་ཡིན་ཟེར་ན་འགྲོ་གྲོན་དང་སྟངས་འཛིན་དེ་SOS རང་གིས་གནང་གི་ཡོད་པ་དང་།དེ་བཞིན་གངས་སེང་ཚོགས་པ་མཉམ་ཞུགས་ཏོག་ཙམ་ཡོད་རེད། ཡིན་ནའང་བོད་པའི་སློབ་གྲྭ་ཞིག་རེད་”ཅེས་བརྗོད་བྱུང་།
SonamYondonཅོན་ཏ་རའི་སམ་བྷོ་ཊ་སློབ་གྲྭའི་དགེ་རྒན་བསོད་ནམས་དབྱངས་སྒྲོན་གྱིས་གསུངས་དོན། “སམ་བྷོ་ཊ་ཅོན་ཏ་ར་སློབ་གྲྭ་དེ་༡༩༧༩ ལོར་ཅོན་ཏ་ར་གཞིས་ཆགས་མི་མང་རང་གིས་གསར་འཛུགས་བྱས་པ་ཞིག་རེད ཕྱིས་སུ་ཤེས་རིག་ལས་ཁུངས་ཀྱིས་ངོས་འཛིན་བྱས་པ་དང་། ༡༩༩༩ ལོ་ནས་རྒྱ་གར་གཞུང་གི་ངོས་འཛིན་གནང་འདུག སློབ་གྲྭ་དེའི་ནང་སྔོན་འགྲོ་ནས་འཛིན་གྲྭ་བཅུ་པ་བར་ཡོད་པ་རེད། ད་ལྟ་འཛིན་རིམ་དགུ་པ་དང་བཅུ་པ་ཐོན་སོང་ན། སློབ་ཕྲུག་ཉུང་དུ་འགྲོ་ཡི་རེད། ད་ལྟའི་ཆར་ང་ཚོའི་སློབ་གྲྭའི་བརྒྱ་ཆ་༨༠ ཙམ་ཀྲུ་ཀྲིང་ཕྲུ་གུ་རེད། བོད་ཁྱིམ་ནས་ཀྲུ་ཀྲིང་ཕྲུ་གུ་མང་པོ་ལེན་གྱི་ཡོད་རེད། གཞིས་ཆགས་ཀྱི་ཕྲུ་གུ་མང་པོ་བོད་ཁྱིམ་ནང་ལ་འཛུལ་གྱི་འདུག དེ་བཞིན་མང་པོ་ཞིག་ཕྱི་རྒྱལ་ལ་འགྲོ་ཡི་ཡོད་པར་བརྟེན་མ་འོངས་པ་དཀའ་ངལ་འཕྲད་སྲིད་པ་རེད་”ཅེས་བརྗོད་བྱུང་།
མཐར་ཁོང་གིས་ཟབན་སྦྱོང་སྐོར་གསུང་དོན། “དེ་རིང་ང་ཚོའི་སློབ་གྲྭ་ནས་བུ་མོ་དྲུག་དང་བུ་ལྔ་ཡོད། ཟབ་སྦྱོང་དེས་ཏན་ཏན་ཕན་ཐོགས་ཆེན་པོ་ཡོད་རེད་བསམ་གྱི་ཡོད། དེང་སང་ང་ཚོའི་གཞོན་སྐྱེས་རྣམས་ལ་སློབ་སྦྱོང་གི་གནས་ཚད་ཡག་པོ་ཡོད་པ་ཡིན་ནའང་། ཟབ་སྦྱོང་འདིར་སྤྱི་ཚོགས་ཀྱི་ཉམས་མྱོང་དང་། སྤྱིར་བཏང་བོད་པའི་གནས་སྟངས་ག་འདྲ་ཡིན་མིན། གཞུང་གི་ལྷན་ཁང་ཁག་གི་སྐོར་སོགས་ཀྱི་གོ་རྟོགས་ཡག་པོ་རག་གི་རེད་བསམ་གྱི་འདུགམ་འོངས་པར་ཟབ་སྦྱོང་འདི་འདྲ་གོ་སྒྲིག་ཡོད་དུས་གཞོན་སྐྱེས་ཚོ་ངེས་པར་དུ་མཉམ་ཞུགས་བྱེད་དགོས་རེད།ཟབ་སྦྱོང་སྐབས་མཉམ་ཞུགས་བྱས་པ་ཙམ་གྱིས་གོ་རྟོགས་མང་པོ་ཡོང་གི་རེད། དེར་བརྟེན་ཆ་ཤས་ལེན་དགོས་པ་གལ་ཆེན་པོ་རེད་”ཅེས་བརྗོད་བྱུང་།།
གསར་འགོད་པ་ངག་དབང་ཐར་པ།

བང་ཆན་དྲ་བ་ནས།