རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

བོད་ཀྱི་གཞས་པ་ཚོས་རྒྱལ་གཅེས་དཔའ་བོར་དྲན་གསོའི་རྡོ་རིང་བསླངས།

དེ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོའི་རྡོ་རིང་ཞལ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་པའི་སྟེང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། འབྱུང་འགྱུར་ལོ་སུམ་ཅུ་བཞི་བཅུའི་ནང་བོད་ལ་ལོག་རྒྱུ་མ་བྱུང་ན་རང་བཙན་ཕར་ཞོག་རང་སྐྱོང་རག་ཀྱང་ཕན་ཐོགས་ག་འདྲ་ཡོད་ན་བསམ་པ་འདུག་ཅེས་གསུངས།
དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་གྲོང་དང་པོར་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱིས་བཞེངས་པའི་རྒྱལ་གཅེས་དཔའ་བོའི་
རྡོ་རིང་ཞལ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྒུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཤག་གི་སྐུ་ཚབ་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོ་དང་བདེ་སྐྱིད་སླར་གསོའི་གཞིས་མགོ་རྣམ་གཉིས། དེ་བཞིན། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་དགོན་སྡེ་ཁག་གི་སྐུ་ཚབ། ས་གནས་སྐྱ་སེར་མི་མང་བཅས་ལྷན་འཛོམས་གནང་ཡོད་འདུག
གཞས་པ་དར་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་མཆོད་མེ་ཞལ་འབྱེད་དང། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས། སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམ་གཉིས་ནས་རྒྱལ་གཅེས་དཔའ་བོའི་རྡོ་རིང་གི་རས་ཡོལ་ཞལ་ཁ་ཕྱེས་ནས་དབུ་འབྱེད་གནང་ཡོད་པ་དང་། སྐུ་མགྲོནརྣམས་ཀྱིས་རིམ་པས་གུས་འདུད་ཀྱི་ཁ་གཏགས་ཕུལ་ཡོད།
དེའི་རྗེས་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་གཙོ་འདན་མ་མཁྱེན་བརྩེ་ལགས་ཀྱིས་ཚོགས་པའི་ངོ་སྤྲོད་གསུང་བཤད་གནང་དོན། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གནས་སྟངས་ཛ་དྲག་གི་སྐབས་སུ་བོད་ཀྱི་གཞས་པ་རྣམས་ཀྱིས་འགན་ཁུར་ནས་བོད་ཀྱི་གནས་སྟངས་ངོ་སྤྲོད་དང། གླུ་གཞས་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་གོང་འཕེལ། དེ་བཞིན་བོད་ཀྱི་གཞས་པ་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོངས་ཐབས། ༸གོང་ས་མཆོག་གི་བཀའ་དགོངས་རྣམས་གླུ་གཞས་ལ་བརྟེན་ནས་མི་མང་ངོ་སྤྲོད་ཡོངས་ཐབས་སོགས་ལ་དམིགས་པ་ཡིན། རྡོ་རིང་བཞེངས་དོན་ནི། སྐུ་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་ཞུ་བའི་ཆེད་དང། དམིགས་བསལ་བོད་ཀྱི་གཞས་པ་རྣམས་ཀྱིས་འགན་ཁུར་ནས་ལས་ཀ་བྱ་རྒྱུ་གལ་ཆེན་དུ་ དམིགས་ནས་བཞེངས་པ་ཞིག་ཡིན་ཞེས་སོགས་བརྗོད་སོང་
དེའི་རྗེས་སློབ་སྟོན་པ་ཟླ་བ་རིན་ཆེན་ལགས་ཀྱིས་གསུང་བཤད་གནང་དོན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚང་མས་རང་དབང་གི་འཐབ་རྩོད་དང། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་ཚེ་སྲོག་བློས་བཏང་དང་གཏོང་བཞིན་པ་རེད། བློས་བཏང་དེ་ཚོ་ང་ཚོས་རྩ་བ་ནས་བརྗེད་རྒྱུ་མེད་པར་བཀའ་དྲིན་རྗེས་དྲན་དང་གླུ་གཞས་ཀྱི་ལམ་ནས་མ་འོངས་པའི་མི་རབས་ལ་སེམས་ཤུགས་སྤར་ཐབས་དང་མིག་དཔེ་སྟོན་རྒྱུ་གལ་ཆེན་པོ་རེད། བོད་ནང་ལ་རང་དབང་མེད་རྐྱེན་རང་དབང་གི་གླུ་གཞས་ལེན་རྒྱུ་དཀའ་ལས་ཁག་པོ་རེད། དེར་བརྟེན་རོལ་དབྱངས་མཐུན་ཚོགས་ཀྱིས་བོད་ནང་གི་གཞས་པ་རྣམས་ཀྱི་མགྲིན་ཚབ་བྱས་པ་དེ་ཧ་ཅང་ཡག་པོ་རེད། ལས་འགུལ་གསར་པ་རྩོམ་མཁན་ལ་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བཞིན་མི་རེ་ངོ་རེ་ནས་འགན་ཁུར་ལེན་རྒྱུ་དེ་བས་གལ་ཆེན་པོ་རེད། རྡོ་རིང་བཞེང་རྒྱུའི་ལས་འགུལ་འདིའི་འགན་ཁུར་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང
དེ་ནས་བཀའ་ཤག་གི་སྐུ་ཚབ་ལུགས་བསམ་གཞིས་གོ་མཆོག་གིས་རྡོ་རིང་མཛད་སྒོ་ལ་ཆེད་དུ་གནང་བའི་བཀའ་ཤག་གི་གསུང་འཕྲིན་ལྗགས་ཀློག་གནང་དོན། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ནས་མ་བསྐུལ་དང་བླངས་ཀྱིས་འཁྲབ་སྟོན་སྐོར་སྐྱོད་ཀྱི་ལམ་ནས་ཞལ་འདེབས་བསྡུ་སློང་བྱས་ཏེ། རྒྱལ་གཅེས་དཔའ་བོའི་རྡོ་རིང་བཞེངས་རྒྱུའི་ལས་གཞི་ལེགས་པར་གྲུབ་པ་དང། ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༥ ཉིན་དངོས་སུ་སྒོ་འབྱེད་བྱ་གཏན་ཁེལ་བར་བཀའ་ཤག་ནས་ལེགས་སོའི་བསྔགས་བརྗོད་དང་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱལ་གཅེས་དཔའ་བོའི་རྡོ་རིང་བཞེངས་པའི་དགོས་དོན་སྙིང་པོ། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་དང་གནང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རྣམས་རང་ཅག་སེར་སྐྱ་རྒན་གཞོན་ཡོངས་ནས་སྙིང་དབུས་སུ་བཅངས་ཏེ། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་དུ་མུ་མཐུད་ལྷག་བསམ་ཆེར་བསྐྱེད་ཀྱིས་འབད་རྩོལ་ལྷོད་མེད་བྱ་དགོས་པའི་གོ་རྟོགས་གཏིང་ཟབ་སྤེལ་ཐུབ་པའི་རེ་བ་ཡོད་ཅེས་སྒྲོག་སྦྱངས་གནང་སོང
དེ་ནས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། སྤྱིར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དྷ་རམ་ས་ལར་རྡོ་རིང་གཅིག་བཞེངས་ཡོད་པ་རེད། དེ་རིང་འདིར་རོལ་དབྱངས་མཐུན་ཚོགས་ཀྱིས་སྦེལ་ཀོབ་གཞིས་ཆགས་ལ་གཅིག་བཞེངས་པ་རེད། དེ་བཞིན་མ་འོངས་པར་གཞིས་ཆགས་ཚང་མར་རྡོ་རིང་རེ་བཞེངས་ཐུབ་ན་ཡག་པོ་ཡོད་རེད། ཚང་མར་བཀའ་དྲིན་རྗེས་དྲན་ཆགས་ཀྱི་ཡོད་རེད། 
བོད་ནང་བྱུང་བའི་རང་ལུས་མེར་སྲེགས་ཀྱིགནས་ཚུལ་དེ་འདྲ་བོ་འཛམ་བུ་གླིང་གི་ལོ་རྒྱུས་ཀྱི་ནང་ལ་ཕལ་ཆེར་བྱུང་ཡོད་མ་རེད། ལྷག་པར་དུ་འཚེ་མེད་ཞི་བའི་འཐབ་རྩོད་དེ་ཧ་ལས་པ་དང་ཧང་སང་དགོས་པ་ཞིག་ཆགས་ཡོད་རེད། རྒྱ་ནག་གིས་བོད་ནང་གི་རང་ལུས་མེར་སྲེགས་ཀྱིགནས་ཚུལ་དེ་༸གོང་ས་མཆོག་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱེད་ཀྱི་ཡོད་རེད་ཅེས་ཤོད་ཀྱི་ཡོད་པ་རེད། ཡིན་ནའང་ང་ཚོས་བརྒྱུད་སྐུལ་བྱ་རྒྱུ་ཕར་ཞོག བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་བཤད་མི་དགོས་པ་དང། ཐབས་བྱུས་ཀྱང་བསམ་ཡུལ་ལས་འདས་པ་དེ་འདྲ་འདོན་གྱི་ཡོད་རེད། དེ་འདྲ་ཡིན་དུས་ཁོ་རང་ཚོའི་མཛད་རྗེས་དེ་ཚོ་དེ་རིང་གི་རྡོ་རིང་འདི་བཞེངས་པའི་ཐོག་ནས་དྲན་གསོ་བྱེད་ཀྱི་ཡོད་པ་རེད། 
ད་ལྟ་རྒྱ་ནག་གི་མི་རིགས་མཉམ་བསྲེ་སྲིད་ཇུས་དེ་སྔོན་མ་ཨུ་རུ་སུའི་སྲིད་ཇུས་རེད། ད་ལྟ་རྒྱ་ནག་གིས་བེད་སྤྱོད་གཏོང་གི་ཡོད་རེད། དེ་བཞིན་མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་ཧ་ཅང་མང་པོ་བྱེད་ཀྱི་ཡོད་རེད། དེ་ཚོའི་རྒྱ་མི་རིགས་གནས་སྤོའི་ཆེད་དུ་མ་གཏོགས་བོད་ཀྱི་ཆེད་དུ་མ་རེད། བོད་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་དེ་ཚོའི་ནང་ལ་དངུལ་བཟོ་སའི་ས་ཆ་དེ་ཚོ་ལ་རྒྱ་མི་རིགས་མང་བ་ཆགས་ཡོད་པ་རེད། སྐབས་རེ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལ་རང་བཙན་དང་དབུ་མ་ཟེར་ནས་བཤད་ཀྱི་ཡོད་རེད། དེ་ཚོ་རྒྱུ་མཚན་ཞིག་ཡོད་ཀྱི་རེད་དེ། བསམ་བློ་ཡག་པོ་བཏང་ན་འབྱུང་འགྱུར་ལོ་སུམ་ཅུ་བཞི་བཅུའི་ནང་བོད་ལ་ལོག་རྒྱུ་མ་རག་པ་ཡིན་ན། རང་བཙན་ཕར་ཞོག་རང་སྐྱོང་རག་པ་ཡིན་ནའང་ཕན་ཐོགས་ག་འདྲ་ཡོང་གི་ཡོད་ན་བསམ་པའི་གནས་སྟངས་ཆགས་ཡོདརེད། ཅེས་གསུངས་སོང་པ་དང་མཉམ་དུ་རྡོ་རིང་བཞེངས་མཁན་དང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་སོང་
མཇུག་མཐར། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་གཞས་པ་རྣམས་ཀྱིས་དཔའ་བོ་རྗེས་དྲན་ཞེས་པའི་མཉམ་གཞས་ཕུལ་རྗེས། རྒྱུན་ལས་ངག་དབང་གིས་ཐུགས་རྗེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་མཇུག་བསྒྲིལ་ཡོད་པ་རེད།
 དུས་བབ་དྲ་བ་ནས།།